Degé Kangyur volume 41, F.173.b

མཉམ་པ་ལ་མཉམ་པ། མི་མཉམ་པ་ལ་མཉམ་པ། མཉམ་པ་དང་མི་མཉམ་པ་ལ་མཉམ་པ། རྣམ་པར་མི་རྟོག་པ། མི་རྩོམ་པ། ངེས་པར་གྱུར་པ། ཐོབ་པ། ཆོས་ཐམས་ཅད་ལ་ཤིན་ཏུ་ངོ་བོ་ཉིད་མེད་པའི་མཚན་ཉིད་དེ་ནི་ཆོས་ཉིད་ཅེས་བྱ་སྟེ། གང་དག་ཆོས་ཉིད་དེ་ལ་རྟོན་པར་བྱེད་པ་དེ་དག་ནི་ཁམས་གང་ལ་ཡང་རྟོན་པར་མི་བྱེད་དེ། དེ་བས་ན་ཆོས་ཀྱི་ཚུལ་གྱི་སྒོ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ། །​དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་རྟོན་པ་ལ་མཁས་པའོ། །​དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྟོན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ལ་བྱང་ཆུབ་སེམས་དཔའི་ཚོགས་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །​དེ་ལ་བསོད་ནམས་ཀྱི་ཚོགས་གང་ཞེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དང་། སྙིང་རྗེའི་སྦྱོར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་རྩོམ་པ་དང་། བདག་དང་ཕ་རོལ་གྱི་སྡིག་པ་འཆགས་པ་དང་། དུས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དང་། སློབ་པ་ཐམས་ཅད་དང་། མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། སྤྱོད་པ་ལ་ཞུགས་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སངས་རྒྱས་ཐམས་ཅད་དང་། འཕགས་པ་ཐམས་ཅད་ལ་ཆོས་གསོལ་བ་འདེབས་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3148#UT22084-040-007-3148