Degé Kangyur volume 41, F.162.b

མ་སྐྱེས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །​གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །​གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །​གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །​དེ་གང་གིས་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས་ཀྱང་མི་མཐོང་བ་དང་། མི་རྟོག་པ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །​ཡང་འདི་ལྟར་སློབ་སྟེ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་དོ། །​ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ། །​ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །​ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ཡང་སྤང་བར་བྱ་བའི་ཕྱིར་འབད་པ་མེད་དོ། །​ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པ་མེད་དེ། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་ཡང་དག་པར་ལྟ་བའོ། །​ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ་མ་མཐོང་བའོ། །​མ་མཐོང་བ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཚིག་བླ་དགས་སོ། །​མ་སྐྱེས་པ་ཞེས་བྱ་བ་དེ་ནི་ཡང་དག་པར་མ་བྱུང་བའི་ཚིག་བླ་དགས་སོ། །​ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་ཚིག་བླ་དགས་ཏེ། དེ་བཞིན་གཤེགས་པ་དེ་ལ་དགོངས་ནས་འདུ་བྱེད་ཐམས་ཅད་མི་སྐྱེ་བར་མཐོང་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་དེ་ནི་ཡང་དག་པར་ལྟ་བའོ། །​ཞེས་དེ་སྐད་གསུང་ངོ་། །​དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ཞེས་བྱ་ཞེས་དེ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ། །​དེ་ལྟ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་འདོད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཤིན་ཏུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3126#UT22084-040-007-3126