Degé Kangyur volume 41, F.104.b

ཏོག་འདི་དག་དྲི་དང་ལྡན། ཤིང་ཏོག་འདི་དག་རོ་དང་ལྡན་ཏེ་སྔོན་མ་མྱོང་གིས། འདི་ལྟར་བདག་གིས་བརྩོན་འགྲུས་རབ་ཏུ་བརྩམས་ཏེ། ལག་པ་དང་རྐང་པས་འབད་ནས་ཤིང་ཏོག་གཞན་ཡང་བླང་སྙམ་སྟེ། རྒྱ་མཚོ་ཆེན་པོ་དེ་ལ་ཡང་ཞུགས་པ་དང་། དེས་ཕྱི་མ་མ་མཐོང་ནས་འདི་ལྟར་ཤིང་ཏོག་ཁ་དོག་དང་། དྲི་དང་། རོ་དང་ལྡན་ཞིང་སྨིན་པ་རྣམ་པ་སྣ་ཚོགས་དེ་དག་ལས་བདག་གིས་མང་དུ་མ་བླངས་པས་ཡོངས་སུ་ཉམས་པར་གྱུར་ཏོ་ཞེས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་འགྱོད་དོ། །​དེ་བཞིན་དུ་ཤཱ་རིའི་བུ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་དད་པ་ཆུང་བ། གཏོང་བ་ཆུང་བ། ཤེས་རབ་ཆུང་བ། བརྩོན་འགྲུས་ཆུང་བ་འབྱུང་སྟེ། རྣམ་གྲངས་འགའ་ཞིག་གིས་འདི་ལྟ་བུའི་མདོ་སྡེ་དཀོན་མཆོག་ཉན་པར་འགྱུར་ཏེ། ཐོས་ནས་གང་ཅུང་ཟད་ཙམ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འཛིན་པ་དེ་དག་ལ་བདུད་སྡིག་ཅན་ཡོངས་སུ་འཚེ་བར་འགྱུར་རོ། །​དེ་དག་ལ་སྐྱེ་བོ་མང་བོ་དགའ་བར་མི་འགྱུར། སྐྱེ་བོ་མང་པོས་མཆོད་པར་མི་འགྱུར། སྐྱེ་བོ་མང་པོས་བསྟོད་པར་མི་འགྱུར་ཏེ། མི་དགའ་མི་མཆོད། མི་བསྟོད་པར་རིག་ནས་ཡལ་བར་འདོར་རོ། །​ཡང་དེ་དག་གིས་གང་ཐོས་པར་འགྱུར་བ་དང་། ཟིན་པར་འགྱུར་བ་ཡང་ཉུང་ཞིང་དོག་ལ་ཆུང་སྟེ། མི་མང་བས་དེ་ཕྱོགས་གཅིག་ཏུ་སོང་ནས་སེམས་ལ་འཇོག་སྟེ། སེམས་ཀྱིས་ངེས་པར་རྟོག་ཅིང་དེ་དག་དགའ་བ་མི་སྐྱེ་ལ་འགྱོད་པར་འགྱུར་རོ། །​ཀྱེ་མའོ་བདག་དེ་བཞིན་གཤེགས་པའི་བསྟན་པ་མཆོག་ལས་ཡོངས་སུ་ཉམས་ཏེ། ཆོས་མང་པོར་མ་ཐོས། ཆོས་མང་པོར་མ་བཟུང་ངོ་ཞེས་དེ་དག་ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། །​ཤ་རིའི་བུ་གཞན་ཡང་དེའི་དུས་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། གང་མདོ་སྡེ་འདི་ཐོས་ནས་སྐྱེ་བོ་མང་པོའི་མདུན་དུ་མདོ་སྡེ་འདི་ནི་རང་བཟོར་བྱས་པ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ན་ཞེས་སྤོང་བར་འགྱུར་རོ། །​ཡང་ཤཱ་རིའི་བུ་དེའི་དུས་ན་དགེ་སློང་གང་ཐམས་ཅད་ཡོང་མི་ཉན་པ་དག་ཀྱང་འབྱུང་བར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3010#UT22084-040-007-3010