Degé Kangyur volume 41, F.103.b

དེ་དག་བློ་ནི་བསམ་མི་ཁྱབ། །​རྣམ་པར་བྱང་བ་ཀུན་ཚོལ་བ། །​བྱང་ཆུབ་སེམས་དཔའ་བརྗོད་པ་ཡིན། །​ཤེས་རབ་ཆེན་པོ་དེ་དག་འབད། །​ཤིང་མཆོག་དྲུང་དུ་འདུ་འདུག་ནས་ནི། །​དེ་བཞིན་ཤེས་རབ་བརྩོན་འགྲུས་ཀྱིས། །​སྡིག་ཅན་བདུད་རྣམས་སྐྲག་པར་བྱེད། །​འཇིག་རྟེན་ཀུན་གྱི་བརྡ་དག་ལས། །​ཚུལ་ཁྲིམས་དག་ནི་ཐམས་ཅད་སྟོན། །​སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །​དེ་ལ་བརྩོན་འགྲུས་ཉམས་མི་འགྱུར། །​ཤཱ་རིའི་བུ་དུས་འདི་ལྟ་བུ་དང་། ཚོད་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་ང་དང་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལྔ་བརྒྱ་པ་ཐ་མ་ལ་འདི་ལྟ་བུའི་མདོ་སྡེ་འགྲོ་བ་མང་པོ་དགའ་བ་དང་། མགུ་བར་བྱེད་པ། ཤེས་རབ་སྒྲུབ་པར་བྱེད་པ། བསོད་ནམས་སྒྲུབ་པར་བྱེད་པ། ལོངས་སྤྱོད་འཕེལ་བ་སྒྲུབ་པར་བྱེད་པ། མཐོ་རིས་སྒྲུབ་པར་བྱེད་པ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་བྱེད་པ། མདོར་ན་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པ། བདུད་སྐྲག་པར་བྱེད་པ། སེམས་རྣམ་པར་དག་པར་བྱེད་པ། སྐྱེ་བ་ཟད་པའི་མཐར་བྱེད་པ། སྡུག་བསྔལ་མཐར་བྱེད་པ། མྱ་ངན་ལས་འདས་པ་དང་ཉེ་བར་བྱེད་པ་འབྱུང་ན། དེ་དག་དེའི་དུས་ན་སྤོང་བར་འགྱུར། མི་འདོད་པར་འགྱུར། ཡོངས་སུ་གཏོང་བར་འགྱུར་རོ། །​དེ་ལ་ཤཱ་རིའི་བུ་གང་བརྩོན་པ། རབ་ཏུ་བརྩོན་པ། མངོན་པར་རབ་ཏུ་བརྩོན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། ཚུལ་ཁྲིམས་འདོད་པ། ཐོས་པ་འདོད་པ། ཏིང་ངེ་འཛིན་འདོད་པ། ཤེས་རབ་འདོད་པ། རྣམ་པར་གྲོལ་བ་འདོད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདོད་པ། སངས་རྒྱས་ཀྱི་ཆོས་འདོད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འདོད་པ། ལོག་པར་ལྟ་བ་སྤོང་བར་འདོད་པ། ཡང་དག་པར་ལྟ་བ་སྒོམ་པར་འདོད་པ། འཁོར་བ་སྤོང་བར་འདོད་པ། འཕགས་པའི་ལམ་སྒོམ་པར་འདོད་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3008#UT22084-040-007-3008