Degé Kangyur volume 41, F.71.b

སྟོབས་མེད་དེ། །​སྐྱེས་བུ་ཡི་ནི་མཐུ་ཡང་མེད། །​ཤིན་ཏུ་རྟུལ་བ་མཆོག་རྣམས་དང་། །​དེ་དག་ཐམས་ཅད་མི་དམིགས་སོ། །​སངས་རྒྱས་དང་ནི་ཆོས་ཀྱང་མེད། །​ཕ་མ་མེད་པ་དེ་བཞིན་དུ། །​དཀར་པོ་དང་ནི་ནག་པོའི་ལས། །​རྣམ་པར་སྨིན་པ་ཀུན་མེད་ཅེས། །​འདི་འདྲའི་སྡིག་པར་ལྟ་བ་དག །​ཡང་དང་ཡང་དུ་བསྟེན་པས་ན། །​གཅིག་ཏུ་མི་བཟད་མ་རུངས་པ། །​སེམས་ཅན་དམྱལ་བར་ཡུན་རིང་གནས། །​དེ་བཞིན་དུད་འགྲོའི་སྐྱེ་གནས་དང་། །​གཤིན་རྗེའི་འཇིག་རྟེན་སྡིག་ཅན་ཏེ། །​ནམ་ཚེའང་མིར་ནི་སྐྱེས་གྱུར་ཀྱང་། །​བླུན་ཞིང་ལྕེ་ནི་མེད་པར་འགྱུར། །​གཡེང་བ་དང་ནི་འོན་པར་འགྱུར། །​དིག་པ་ལྐུགས་པ་རྨོངས་པར་འགྱུར། །​ཡུན་རིང་སེམས་དམྱལ་མ་རུངས་པར། །​མི་ཤེས་པས་ནི་རབ་ཏུ་ལྟུང་། །​དབང་པོ་ཐམས་ཅད་ཕུན་ཚོགས་ཤིང་། །​བདག་གི་ལུས་འདི་རབ་མཛེས་པ། །​ཡུན་རིང་དུས་ན་བདག་གིས་ཐོག །འདི་ནི་བདག་བརྩོན་བྱ་བའི་དུས། །​ཆོས་གང་དོན་དང་ལྡན་པ་དང་། །​མྱ་ངན་འདའ་བའི་གྲོགས་བྱེད་པ། །​བྱང་ཆུབ་ལམ་དང་བྱང་ཆུབ་ལ། །​བདག་ནི་འབད་པར་བྱ་བའི་དུས། །​བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །​ཟབ་མོའི་དོན་དང་ལྡན་པ་སྟེ། །​བསྐལ་པ་སྟོང་ཕྲག་བྱེ་བར་ཡང་། །དེ་ནི་ཤིན་ཏུ་ཐོས་པར་དཀའ། །​སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །​སངས་རྒྱས་ཆོས་མང་འདི་དང་ནི། །​གཞན་ཡང་བསམ་གྱིས་མི་ཁྱབ་ལ། །​རབ་ཏུ་འཇུག་ཅིང་གཟུང་བར་བྱ། །​སློབ་དཔོན་ལ་ནི་གུས་བཅས་ཤིང་། །​བསྙེན་བཀུར་དག་ནི་བྱས་པས་ན། །​སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །​ཐོས་པ་དེ་ནི་རྙེད་པར་འགྱུར། །​བྱང་ཆུབ་སེམས་དཔའ་མི་འཇིགས་པ། །​ཐབས་དང་ཤེས་རབ་ལྡན་པ་ཡི། །​འདི་ལྟ་བུར་ནི་སེམས་བསྐྱེད་ནས། །​རྫ་གང་ཙམ་གྱི་ཆུ་ཡང་འབུལ། །​ཤཱ་རིའི་བུ་སེམས་བསྐྱེད་པ་བརྒྱད་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །​གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་སེམས་ཅན་འདི་དག་ནི་དོན་མེད་པས་ཡོངས་སུ་བསྐོར་བ། ལུས་དང་སྲོག་ལ་ལྟ་བའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-2944#UT22084-040-007-2944