Degé Kangyur volume 41, F.51.a

ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་ལམ། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ཀྱི་སྐྱབས། བཟོད་པའི་སྟོབས་ཀུན་ཏུ་སྟོན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། མི་འཁྲུགས་པའི་བརྩོན་འགྲུས་རྩོམ་པ། ཡང་དག་པར་སྦྱོར་བའི་བྱ་བ་སྒྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རྩ་བ། ཉོན་མོངས་པ་ལས་བྱུང་བ། སེམས་ངེས་པར་རྟོགས་པ། ཐོས་པ་འཛིན་པ། ཤེས་རབ་ཀྱི་རྒྱུ་སྐྱེད་པའི་བྱམས་པ། བདག་གི་ཕྱོགས་དང་གཞན་གྱི་ཕྱོགས་འཇོམས་པ། བདུད་དང་ཉོན་མོངས་པའི་ཕྱོགས་སེལ་བ། འགྲོགས་ན་བདེ་བ། ལྡང་བ་དང་། སློང་བ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པའི་རང་བཞིན་ཡིད་ལ་བྱེད་པ་ཐམས་ཅད་སེལ་བ། དྲི་ཞིམ་པོས་བྱུགས་པ། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པས་བྱུགས་པ། མི་ཁོམ་པ་དང་། ཉོན་མོངས་པ་དང་། ངན་འགྲོ་ཐམས་ཅད་སེལ་བའི་བྱམས་པ། འགྲོ་བ་ཐམས་ཅད་སྐྱོབ་པའི་བྱམས་པ་ཆེན་པོ། བདག་གི་བདེ་བ་བཏང་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་སྟེ། གཞོན་ནུ་ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ། །​བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་སྐྱོབ་པའོ། །​ཡང་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ། །​བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་བྱམས་པ་ནི་ཆོས་ལ་དམིགས་པའོ། །​བྱང་ཆུབ་སེམས་དཔའ་བཟོད་པ་རབ་ཏུ་ཐོབ་པ་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པའོ། །​གཞོན་ནུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ཞེས་བྱ་སྟེ། །​བྱང་ཆུབ་སེམས་དཔའ་བྱམས་པ་དེ་ལ་རབ་ཏུ་གནས་པས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་དོ། །​དེ་ལ་གཞོན་ནུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །​འདི་ལྟ་སྟེ། དཔེར་ན་གཞོན་ནུ་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི་དབུགས་འབྱུང་བ་དང་རྔུབ་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-2903#UT22084-040-007-2903