Degé Kangyur volume 41, F.34.b

ཡང་ཇི་ལྟར་ངག་གི་ལས་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱ་བ་སླ་བ་མ་ཡིན་པ་དེ་ལྟར་ཚད་མེད། དེ་ལྟར་བསམ་གྱིས་མི་ཁྱབ། དེ་ལྟར་མཚུངས་པ་མེད། དེ་ལྟར་དཔག་ཏུ་མེད། དེ་ལྟར་བརྗོད་དུ་མེད། དེ་ལྟར་མི་ཟད་ཅིང་ཁོང་དུ་ཆུད་པར་དཀའོ། །​དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་སྟེ། བྱང་ཆུབ་ཅི་འདྲ་བ་སྙིང་རྗེ་ཆེན་པོ་ཡང་དེ་འདྲའོ། །​དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ། གནས་མེད་པའི་བྱང་ཆུབ་ཐོབ་བོ། །​དེ་ལ་རྩ་བ་གང་། གནས་གང་ཞེ་ན། འཇིག་ཚོགས་ནི་རྩ་བའོ། །​ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གནས་སོ། །​དེ་བཞིན་གཤེགས་པས་བྱང་ཆུབ་མཉམ་པ་ཉིད་ཀྱི་ཕྱིར་དེ་དག་མཉམ་པར་མཁྱེན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྩ་བ་མེད་པ། གནས་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤེས་བྱ་སྟེ། སེམས་ཅན་འདི་དག་ནི་རྩ་བ་མེད་པ་གནས་མེད་པར་མི་ཤེས་པས་དེ་དག་ཤེས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ །​གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་ནི་ཞི་བ་དང་། ཉེ་བར་ཞི་བའོ། །​དེ་ཇི་ལྟར་ཞི། ཇི་ལྟར་ཉེ་བར་ཞི་ཞེ་ན། ནང་ཞི་བའོ། །ཕྱི་རོལ་ཉེ་བར་ཞི་བའོ། །​དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་ནི་འདི་ཡིན་པས་ན་དེའི་ཕྱིར་ཞི་བ་ཞེས་བྱའོ། །​དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་བྱའོ། །​དེའི་མིག་སྟོང་པར་ཡོངས་སུ་ཤེས་ནས། གཟུགས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །​ཡིད་ཀྱི་བར་དུ་ཡང་སྟོང་པར་ཡོངས་སུ་ཤེས་ནས་ཆོས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱ་ན། སེམས་ཅན་འདི་དག་ནི་ཞི་བ་དང་ཉེ་བར་ཞི་བ་འདི་མི་ཤེས་ཏེ། དེ་དག་ཤེས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ །​གཞན་ཡང་ཤཱ་རིའི་བུ་ངས་ནི་རང་བཞིན་གྱིས་འོད་གསལ་བར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །​ཇི་ལྟར་འོད་གསལ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། ནམ་མཁའ་ལྟ་བུའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-2870#UT22084-040-007-2870