Degé Kangyur volume 40, F.235.b

བསྟན། །​གཞན་ཡང་ལྷ་ཡི་བུ་མོ་དག །​སྣ་ཚོགས་རྒྱན་གྱིས་ལུས་བརྒྱན་ཅིང་། །​རྒྱན་ནི་ཕན་ཚུན་རེག་པ་ལས། །​སྒྲ་སྙན་དག་ནི་རབ་བྱུང་ནས། །​འདུས་བྱས་རྣམས་ཀྱི་ཆོས་དག་ནི། །​འགྱུར་ཞིང་མི་བརྟན་ཡིན་ན་ཡང་། །​བྱིས་པ་མི་བདེན་རྟོག་པ་ཡིས། །​ཡང་དག་ཇི་བཞིན་མི་ཤེས་ཟེར། །​རྒྱན་གྱི་སྒྲ་ནི་དེ་དག་ཀྱང་། །​ལུས་དང་སེམས་ལས་བྱུང་མ་ཡིན། །​འགྲོ་བ་མེད་ཅིང་འོང་བ་མེད། །​ཕྱོགས་ཀྱང་ཡོད་པ་མ་ཡིན་ཏེ། །​གཟུགས་དང་སེམས་ཀྱི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​བྱིས་པ་རྣམས་ནི་མི་ཤེས་པས། །འདི་ལ་ཐེ་ཚོམ་སྐྱེ་བར་འགྱུར། །​རྒྱན་གྱི་རྣམ་པ་དེ་དག་ལས། །​སྒྲ་སྙན་བྱུང་བ་དེ་ཡིས་ནི། །​སངས་རྒྱས་ཞིང་ཀུན་གྲགས་པས་ན། །​སེམས་ཅན་ཚད་མེད་གྲོལ་བར་གྱུར། །​དེ་ལྟ་བས་ན་ཁྱོད་རྣམས་ཀྱིས། །​འདྲེན་པའི་རང་བྱུང་ཡེ་ཤེས་དང་། །​ཡོན་ཏན་དཔག་མེད་སྐུ་དག་ནི། །​སྲེད་པའི་སྤྲོས་ལས་འདས་པ་དང་། །​རབ་དབེན་སྐྱོན་ནི་མེད་པ་དང་། །​ལྟ་བྲལ་སེམས་ནི་རབ་སྦྱངས་དང་། །​མཚན་དང་དཔེ་བྱད་བརྒྱན་པ་དང་། །​སྐུ་དང་ཐུགས་ནི་དག་པར་ལྟོས། །​ཁྱེད་ཀྱིས་བཅོམ་ལྡན་གྲོང་གཤེགས་ཚེ། །​གོམ་པ་དག་ནི་སེང་གེ་འདྲ། །​གཤེགས་སྟབས་ངང་པ་གླང་ཆེན་འདྲ། །​སེམས་ཅན་རེ་བ་སྐོང་བར་མཛད། །​བསོད་ནམས་ཁྱད་འཕགས་ཡོངས་སུ་རྫོགས། །​ཡང་དག་མཚན་གྱིས་རབ་ཏུ་བརྒྱན། །​སེམས་ཅན་དག་ནི་ཐམས་ཅད་ཀུན། །​ལྟ་བས་མི་ངོམས་ཉིད་དུ་ལྟོས། །​ཁྱོད་ཀྱིས་རྐང་གཉིས་གཙོ་ཡི་མཆོག །​ཐུགས་རྗེ་ཆེན་པོ་ལྡན་པས་ན། །​དངོས་པོ་ཆུང་ངུས་མཆོད་བྱས་ཀྱང་། །​ཡོན་ཏན་ཚད་མེད་འཐོབ་མཛད་པས། །​སེམས་ཅན་དག་ནི་མང་པོ་རྣམས། །​བསྐལ་པ་བརྒྱ་སྟོང་མང་པོར་ནི། །​མྱ་ངན་འདས་པ་འཐོབ་པར་དུ། །​རྣམ་སྨིན་ཐུག་པ་མེད་པར་ལྟོས། །​ཁྱེད་ཀྱིས་རྐང་གཉིས་གཙོ་མཆོག་ནི། །​ཟག་མེད་ཚུལ་ཁྲིམས་རྫོགས་པས་ན། །​སེམས་ཅན་དག་ནི་མང་པོ་རྣམས། །​གུས་པས་སྤྱི་བོས་ཕྱག་བྱེད་དང་། །​ལྷ་ཡི་འཁོར་ནི་མང་པོ་རྣམས། །​སོ་སོའི་གཞལ་མེད་ཁང་སྤངས་ནས། །​རྩེ་བ་དག་ལ་ཆགས་མེད་པར། །​འདྲེན་པ་ལ་ནི་རྟེན་བྱེད་ལྟོས། །​ཁྱེད་ཀྱིས་བདུད་དང་བདུད་ཀྱི་འཁོར། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1785#UT22084-040-006-1785