Degé Kangyur volume 40, F.229.b

གོས་བགོས་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མིག་ཟད་པ་ནི་མ་ཤེས་ཕྱིར། །​ཡང་དག་ཆོས་གོས་བགོས་མ་ཡིན། །​ཡ་རབས་རིགས་སུ་སྐྱེས་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མིག་ཟད་པ་ནི་མ་ཤེས་ཕྱིར། །​དེ་ནི་དག་པའི་རིགས་མ་ཡིན། །​འཁོར་མང་དག་ནི་བདོག་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མྱུར་དུ་ངན་འགྲོར་ལྷུང་འགྱུར་ཏེ། །​འཁོར་དག་གིས་ནི་སྐྱོབ་མི་ནུས། །​སྒྲ་ཡི་རིག་པ་མཁས་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མིག་ཟད་པ་ནི་མ་ཤེས་ཕྱིར། །​སྒྲ་ཡི་རིག་པ་རྟོགས་མ་ཡིན། །​བཟོ་རྣམས་ལ་ནི་མཁས་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མིག་ཟད་པ་ནི་མ་ཤེས་ཕྱིར། །དེ་ནི་བཟོ་ལ་མཁས་མ་ཡིན། །​འདྲི་བ་མང་ལ་མཁས་གྱུར་ཅིང་། །​ཡི་གེ་གཅིག་གིས་རྣམ་འབྱེད་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​དེ་ནི་དོན་འཐུན་བཤད་མ་ཡིན། །​མཁས་པའི་རྗེས་སུ་སློབ་བྱེད་ཀྱང་། །​གསང་དང་གསང་མིན་མི་ཤེས་ཤིང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​ཆོས་འདི་རྟོགས་པར་མི་འགྱུར་རོ། །​བརྗོད་པ་སྣ་ཚོགས་རྒྱང་པན་དང་། །​ཆོས་རྣམས་རབ་ཏུ་ཤེས་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​འཁྲི་ཤིང་སྟུག་པོར་ལྷུང་བ་འདྲ། །​སྒྲ་ཡི་རིག་པ་མཁས་གྱུར་ཅིང་། །​དགེ་དང་མི་དགེའི་རྟགས་སྟོན་དང་། །​ཚིག་འབྲུ་ཡི་གེ་སྒྲ་སྐད་དང་། །​ཀློག་དང་འདོན་པའི་མཐར་ཐུག་ཀྱང་། །​མིག་ཟད་མཐའ་ནི་མ་ཤེས་ན། །​དེ་དག་རྣམས་ནི་ཤེས་མེད་ཡིན། །​བུད་མེད་དག་གི་མཚན་མ་དང་། །​ཚིག་མཁན་རྨོངས་པར་བྱེད་པ་དང་། །​ལུས་མཉེས་ངལ་སོས་ཆོས་རྣམས་དང་། །​མཁྱུད་དཔྱད་དག་ལ་མཁས་གྱུར་ཀྱང་། །​མིག་ཟད་མཐའ་ནི་མ་ཤེས་ན། །​དེ་དག་རྣམས་ནི་ཤེས་མེད་ཡིན། །​གཞུང་ལུགས་བརྒྱ་མང་སྟོན་བྱེད་ཅིང་། །​ཡི་གེ་འབྲུ་གཅིག་མི་བརྗེད་ཀྱང་། །མིག་ཟད་མཐའ་ནི་མ་ཤེས་ན། །​བཤད་པ་དེ་ནི་དོན་མེད་ཡིན། །​དེ་བཞིན་མིག་སྐྱེ་མཐའ་དག་དང་། །​མིག་མཐའ་དང་ནི་འཇུག་པ་ནས། །​རབ་ཏུ་ཞི་བའི་བར་དུ་ཡང་། །​དེ་བཞིན་དུ་ནི་རིག་པར་གྱིས། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​སྒྲ་ཡི་རིག་པ་ཀློག་འདོན་ཅིང་། །དེ་ཡི་དོན་ནི་རྟོགས་གྱུར་ཀྱང་། །​མིག་ཟད་མཐའ་ནི་མ་ཤེས་ན། །​དེ་ནི་ནམ་ཡང་དམན་པ་ཡིན། །​སྨྲང་གཞི་དག་ནི་འདོན་བྱེད་ཅིང་། །​གསང་སྔགས་དག་ནི་རྟོགས་གྱུར་ཀྱང་། །​མིག་ཟད་མཐའ་ནི་མ་ཤེས་ན། །​དེ་ནི་ནམ་ཡང་དམན་པ་ཡིན། །​དེ་བཞིན་མིག་སྐྱེ་མཐའ་དག་དང་། །​མིག་གི་མཐའ་དང་འཇུག་པ་ནས། །​རབ་ཏུ་ཞི་བའི་བར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1773#UT22084-040-006-1773