Degé Kangyur volume 40, F.219.a
།མིག་གི་བྱུང་བ་རྟག་ཏུ་སྟོང་དབེན་དང་། །འགྲོ་འོང་མ་མཆིས་གནས་པ་མ་མཆིས་དང་། །སྨིག་རྒྱུ་ཆུ་བུར་ལྟ་བུར་རབ་མཁྱེན་པ། །རྒྱུ་རྐྱེན་གང་གི་སླད་དུ་འཛུམ་བསྟན་ལགས། །དེ་བཞིན་རྣ་བ་སྣ་ལྕེ་ལུས་དང་ཡིད། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ནས། །སྒྲ་དང་མིང་ལ་སོགས་པའི་བར་དུ་ཡང་། །ཐམས་ཅད་དེ་བཞིན་དུ་ནི་རིག་པར་བགྱི། །རྡོ་རྗེ་རྟག་པའི་སྐུ་དང་མི་འཇིག་སྐུ། །མཚན་མཆོག་བརྒྱ་སྟོང་དག་ནི་ཕུན་སུམ་ཚོགས། །སྐུ་ལ་འཁྲུལ་འཁོར་མི་མངའ་གཡོ་མཛད་པ། །རྒྱུ་རྐྱེན་གང་སླད་འཛུམ་པ་བཤད་དུ་གསོལ། །བྱིན་པ་ཟླུམ་ཞིང་ཞབས་ཀྱི་རྟིང་པ་རིང་། །ཕྱལ་གྱི་མཚན་མ་མི་གདའ་སེང་གེ་འདྲ། །ལྟེ་བ་ཤིན་ཏུ་ཟབ་ཅིང་རྐེད་རྒྱས་པ། །རྒྱུ་རྐྱེན་གང་སླད་འཛུམ་མཛད་བཤད་དུ་གསོལ། །གསེར་སྐུ་རྣམ་དག་རྡུལ་དང་དྲི་མ་སྤངས། །བ་སྤུ་རེ་རེ་ཁ་དོག་མཐོན་མཐིང་ལྡན། །གཡས་སུ་འཁྱིལ་ཅིང་སྤོས་ཀྱི་ངད་ལྡང་བ། །རྒྱུ་རྐྱེན་གང་སླད་འཛུམ་མཛད་བཤད་དུ་གསོལ། །སྐུ་མཆོག་དམ་པ་ཡོངས་རྫོགས་རྟག་གནས་པ། །དཔེར་ན་ནྱ་གྲོ་དྷ་ཡི་ཤིང་རྒྱལ་བཞིན། །ཡོན་ཏན་ཐམས་ཅད་ཀྱིས་ནི་རབ་ཏུ་བརྒྱན། །གསུང་དབྱངས་དག་གིས་འཁོར་ནི་དགའ་བར་མཛད། །དཔུང་པ་ཟླུམ་ཞིང་ཕྲག་པ་སྟུག་ལ་མཛེས། །གཙུག་ཏོར་ཡོངས་རྫོགས་གཡས་སུ་འཁྱིལ་བར་གདའ། །ཞིང་ནི་བརྒྱ་སྟོང་དཔག་མེད་རྒྱུ་བར་མཛད། །སེམས་ཅན་ལོག་དང་ཡང་དག་ལམ་སྟོན་མཛད། །ཚེམས་དཀར་དྲི་མི་མངའ་བས་དུང་དང་འདྲ། །ལྗགས་མཚན་སྲིད་རིང་ཞལ་ནི་ཀུན་དུ་ཁེབས། །འགྲམ་པ་སེང་གེ་འདྲ་ཞིང་ཤངས་ནི་མཐོ། །ཐམས་ཅད་ཐབས་དང་རྣམ་དག་ཐུགས་ལས་སྐྱེས། །ཨུད་པ་ལ་ཡི་བསུང་ནི་ཞལ་ནས་འབྱུང་། །ཙན་དན་དྲི་དག་སྐུ་ནི་ཀུན་དུ་ཁྱབ། །སྔོན་ནི་བྱམས་པ་རྒྱ་ཆེར་བསྒོམས་པས་ན། །རྣམ་དག་མོས་པ་རྟག་ཏུ་རྒྱུན་མི་འཆད། །དེ་བཞིན་གཤེགས་པའི་ཞབས་མཐིལ་ཤིན་ཏུ་མཉམ། །ས་ལ་རེག་ཀྱང་རྡུལ་ནི་གོས་མི་འགྱུར། །གོམ་པ་སེང་གེ་གླང་པོ་ཆེ་འདྲ་བས། །འཇིག་རྟེན་ཐམས་ཅད་ལས་ནི་ཡང་དག་འདས། །འཁོར་ལོ་རྩིབས་སྟོང་མཚན་གྱིས་མཛེས་པར་བརྒྱན། །ཁྱད་འཕགས་འོད་ཟེར་དག་ནི་རབ་ཏུ་གསལ། །དགེ་བ་དག་གིས་སྐྱེ་དགུ་ཕན་འདོགས་པས། །གང་གིས་མཐོང་བ་དང་བ་རབ་ཏུ་སྐྱེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1752#UT22084-040-006-1752