Degé Kangyur volume 40, F.203.b
།ང་ནི་མྱ་ངན་འདས་པའི་འོག །གང་ཡང་རུང་བ་སུ་ཞིག་གིས། །དམ་པའི་ཆོས་ཀྱི་འཁོར་ལོ་དག །རྣམ་པར་འཇིག་པའི་དུས་ཀྱི་ཚེ། །ཆོས་ཀྱི་བསྟན་པ་འདི་དག་ནི། །དང་བའི་སེམས་ནི་གང་བསྐྱེད་པ། །འདི་ལྟ་བུ་ཡི་མདོ་སྡེ་དག །རྒྱ་ཆེར་ཡང་དག་སྟོན་པར་ནུས། །མ་འོངས་མདོ་སྡེ་འདི་ནི་གང་སྟོན་པ། །དེས་ནི་ང་ཡི་ཆོས་འཛིན་སྲུང་བར་བྱེད། །དེ་ནི་འདྲོན་མང་དེད་པའི་དེད་དཔོན་འདྲ། །རིན་ཆེན་གཏེར་འཛིན་སྲུང་བ་ཞེས་ཀྱང་བྱ། །མ་འོངས་དུས་ཚེ་མདོ་འདི་གང་ཐོས་ནས། །སྐད་ཅིག་ཙམ་དུ་མོས་པ་སྐྱེད་བྱེད་པ། །དེ་ནི་སངས་རྒྱས་བྱིན་གྱིས་བརླབས་པ་ཡིན། །འཇམ་དཔལ་བྱིན་གྱིས་བརླབས་པར་རིག་པར་བྱ། །དེས་ནི་སངས་རྒྱས་མང་པོ་མཐོང་འགྱུར་བས། །གསང་བའི་ཆོས་གཏད་ཤེས་རབ་རྣོ་བར་འགྱུར། །སེམས་ཅན་གང་དག་སེམས་དྲང་མཉེན་དེས་ཤིང་། །རྟག་ཏུ་སངས་རྒྱས་རིམ་གྲོ་བྱེད་ལ་བརྩོན། །བདག་མེད་སྒོམ་ཞིང་བྱམས་དང་བཟོད་སྐྱེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་རྟག་ཏུ་མི་དགེའི་སེམས་འཆང་ཞིང་། །རྙེད་ལ་གདུ་ཞིང་ཆོག་མི་ཤེས་པ་དང་། །རབ་དབེན་རྣམས་ལ་མོས་པར་མི་འགྱུར་བ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་དེ་བཞིན་གཤེགས་པ་རྣམས་མཆོད་དང་། །དམ་ཆོས་ཟབ་མོ་ལེགས་པར་རྟོགས་པ་དང་། །སངས་རྒྱས་ཡང་དག་ཡེ་ཤེས་ཡིད་ཆེས་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་སེམས་གཡེང་དད་པའི་སེམས་མེད་ཅིང་། །རྟག་ཏུ་སྲོག་གཅོད་གདུལ་བར་རབ་དཀའ་དང་། །འདོད་པའི་ཡུལ་རྣམས་ཀུན་གྱི་བྲན་བྱེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་རྟག་ཏུ་དགོན་གནས་རབ་མོས་ཤིང་། །གཅིག་པུ་དབེན་པར་འདུག་ཅིང་སེམས་ཞི་དང་། །རྙེད་དང་གཉེན་ལ་མངོན་པར་ཞེན་མེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་གྲོགས་ངན་དག་གི་རྗེས་འབྲང་ཞིང་། །བདག་དང་གཞན་གྱི་དགེ་བ་འཇིག་བྱེད་དང་། །ཚུལ་ཁྲིམས་ཏིང་འཛིན་དག་ནི་ཆེར་ཉམས་པ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་ཡིད་མོས་ཤིན་ཏུ་རྣམ་དག་ཅིང་། །རྟག་ཏུ་ཤེས་རབ་ཆོས་རྣམས་རབ་འབྱེད་དང་། །དགེ་བའི་བཤེས་གཉེན་དག་གིས་རབ་བསྲུངས་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1721#UT22084-040-006-1721