Degé Kangyur volume 40, F.222.b

དམའ་རན་པར་ལྟ་བ་དང་། །​འགྲོ་གོམ་ཚུལ་ལ་གནས་སོ་ཞེས། །​ཐ་དད་མཚན་མའི་ཚིག་བརྗོད་དེ། །​དགྲ་བཅོམ་པ་ཡི་རྟགས་བསྟན་པས། །​ཁྱིམ་པ་དག་ནི་ཇི་སྙེད་པ། །​ཕན་ཚུན་དུ་ནི་འདི་སྐད་དུ། །​དགོན་པའི་དགེ་སློང་གང་ཡིན་པ། །​ཡང་དག་འཕགས་པ་ཡིན་ཞེས་ཟེར། །​རེས་འགའ་དགོན་པ་དེ་དག་ན། །​གནས་པར་གྱུར་པ་དེ་ཡི་ཚེ། །​གལ་ཏེ་གཞན་དག་འོངས་གྱུར་ན། །​འདི་ལྟ་བུར་ནི་སྟོན་པར་བྱེད། །​བདག་ནི་དགོན་གནས་འདི་དག་ཏུ། །​ཉིན་མཚན་འཆག་པར་བྱེད་ཅེའམ། །​ཡང་ན་རྩྭ་འཇམ་བཏིང་ནས་ནི། །​འདིར་ནི་འདུག་པར་བྱེད་ཅེས་ཟེར། །​རེས་འགའ་གྲོང་ཁྱེར་ཞུགས་གྱུར་ནས། །​ཁྱིམ་པའི་དེར་ནི་ཕྱིན་པའི་ཚེ། །​གཡོ་སྒྱུས་ནན་ཏན་འདི་སྐད་དུ། །​བདེ་འམ་ཞེས་ནི་འདྲི་བར་བྱེད། །​འཇིག་རྟེན་པ་ཡི་འདུ་འཛིའི་གཏམ། །​རྒྱལ་པོ་ཆོམ་རྐུན་ལ་སོགས་པའི། །​སྣ་ཚོགས་དག་ནི་རྗོད་པར་བྱེད། །​རེས་འགའ་ཆགས་པའི་སེམས་དག་གིས། །​བུད་མེད་རྣམས་ཀྱི་མདུན་དག་ཏུ། །​ཐབས་ནི་རྣམ་པ་སྣ་ཚོགས་ཀྱིས། །​རང་གི་ཡོན་ཏན་རྗོད་པར་བྱེད། །​བདག་ནི་འཇིག་རྟེན་ཐམས་ཅད་ཀྱི། །​བསོད་ནམས་ཞིང་ནི་ཆེན་པོ་བྱེད། །​བདག་ནི་རྒྱལ་ཐབས་རབ་སྤངས་ནས། །​རབ་ཏུ་བྱུང་ནས་ལམ་སྒོམ་ཡིན། །​བཙུན་མོ་དང་ནི་སྲས་རྣམས་ཀྱང་། །​མཐོ་རིས་སྐྱེས་པར་གྱུར་ཅེས་ཟེར། །​དེ་དག་དེ་སྐད་ཐོས་ནས་ནི། །​ཤིན་ཏུ་གུས་པ་རབ་བསྐྱེད་དེ། །​གོས་ཟས་དང་ནི་བཏུང་བ་དག །​སྣ་ཚོགས་སྦྱར་ནས་མཆོད་པར་བྱེད། །​བཙུན་པས་ཐུགས་རྗེར་རབ་དགོངས་ཤིང་། །​བདག་ཅག་ཐད་དུ་ཡང་གཤེགས་ཟེར། །​རོ་ཞིམ་དག་ལ་ཞེན་ཆགས་ཤིང་། །​ཉེས་དམིགས་རྣམས་ནི་མི་ཤེས་པས། །​བདུད་ཀྱིས་གླགས་ཀྱང་རྙེད་འགྱུར་ཏེ། །​རུ་སྦལ་རྒྱ་མོས་ཟིན་པ་འདྲ། །​དགོན་པར་གནས་པ་དག་ལ་ཡང་། །​རྙེད་པ་དག་གིས་སྙེམས་པར་བྱེད། །​དགེ་སློང་བརྩོན་འགྲུས་ཅན་དག་ལ། །​བརྙས་ཤིང་སྐུར་པ་འདེབས་པར་བྱེད། །​རྙེད་དང་གྲགས་པས་སེམས་རྨོངས་པས། །​ཡང་ནས་ཡང་དུ་ཞེན་པ་སྐྱེད། །​ལུས་ནི་ཡོངས་སུ་གསོ་བའི་ཕྱིར། །​རྟག་ཏུ་གཡོ་སྒྱུ་སྤྱོད་པས་ན། །​ལུས་དང་ངག་གི་མི་དགེ་ལས། །​ཡང་ནས་ཡང་དུ་འཕེལ་བར་བྱེད། །​གལ་ཏེ་སྦྱིན་བདག་དད་པ་ཡིས། །​དད་པའི་སེམས་ཀྱིས་མཆོད་ན་ཡང་། །​ལེ་ལོ་སྙོམ་ལས་དབང་གིས་ནི། །​དེ་ཡི་བསོད་ནམས་འབྲི་བར་བྱེད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1759#UT22084-040-006-1759