གཞན་དག་གཅོད་དུ་མི་གཞུག་པར། །སེམས་ཅན་རྣམས་ལ་ཡོངས་བཏང་ཞིང་། །ཡིད་བཞིན་དུ་ནི་ཚིམ་པར་བྱས། །ང་སྔོན་སྦྱིན་པ་གཏོང་བའི་ཚེ། །སེམས་ནི་རྟག་ཏུ་སྙོམས་པས་ན། །ཚུལ་ཁྲིམས་ཡོན་ཏན་ལྡན་པ་དང་། །ཚུལ་ཁྲིམས་འཆལ་དང་ངོ་ཚ་མེད། །རྫུ་འཕྲུལ་ཆེན་པོ་ཐོབ་པ་ནས། །སོ་སོའི་སྐྱེ་བོའི་བར་དག་ལ། །ངོ་མཚར་སྙམ་པའི་སེམས་བསྐྱེད་ནས། །གུས་པས་ཀུན་ལ་སྦྱིན་པ་བཏང་། །ང་སྔོན་སྦྱིན་པ་གཏོང་བའི་ཚེ། །སེམས་ལ་མཐོ་དམའ་མེད་པས་ན། །སྡུག་བསྔལ་འགྲོ་བ་མི་ཚོལ་ཞིང་། །མདོ་སྡེ་འདི་ལ་རྩེ་གཅིག་མོས། །རེས་འགའ་ཡུལ་ཁམས་དག་ཏུ་ནི། །ཕྱིར་རྒོལ་ཐམས་ཅད་མེད་བྱས་ཤིང་། །ཀླུ་རྣམས་ཀུན་ནི་རབ་བཏུལ་ནས། །དུས་བཞིན་ཆར་ནི་རབ་ཏུ་ཕབ། །ཟླ་འོད་ཁྱོད་ཀྱིས་ཤེས་པར་གྱིས། །ངས་ནི་ཚེ་རབས་དཔག་མེད་ནས། །མདོ་སྡེ་འདི་ནི་གཉེར་བའི་ཕྱིར། །དཀའ་བ་རྣམས་ནི་རབ་ཏུ་སྤྱད། །བསྐལ་པ་བརྒྱ་སྟོང་སྙེད་དུ་ནི། །བརྗོད་ཀྱང་མཐར་ཐུག་མི་འགྱུར་རོ། །ཡིད་ཆེས་པ་ལ་ཁྱོད་གནས་ནས། །མ་འོངས་ཐ་མ་དུས་ཀྱི་ཚེ། །ཡང་དག་དྲན་པའི་སེམས་སྐྱེད་ལ། །མདོ་སྡེ་འདི་ནི་བཤད་པར་གྱིས། །ངས་ནི་སངས་རྒྱས་སྤྱན་དག་གིས། །མ་འོངས་དུས་ནི་གསལ་གཟིགས་པས། །སྤྱོད་པ་སྣ་ཚོགས་ཇི་ལྟ་བ། །ཐམས་ཅད་རབ་ཏུ་མཁྱེན་པ་ཡིན། །དགེ་སློང་དག་ནི་གང་ཞིག་གིས། །བླ་མེད་ཡེ་ཤེས་བཙལ་བའི་ཕྱིར། །ཤིན་ཏུ་དང་བའི་སེམས་ཀྱིས་ནི། །མདོ་སྡེ་འདི་ནི་གང་སྟོན་པ། །གང་ཟག་དེ་དང་ཕྱོགས་རྣམས་ཀྱང་། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །མ་འོངས་ཐ་མ་དུས་ཀྱི་ཚེ། །མདོ་འདི་ཐོས་ནས་གང་མོས་པ། །བསམ་པ་དང་ནི་ཐབས་རྣམས་ཀྱང་། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །དམན་པ་དག་ནི་གང་ཞིག་གིས། །མདོ་སྡེ་འདི་ནི་མ་ཐོས་པས། །ཆོས་བསྟན་པ་ལ་སྐུར་འདེབས་པ། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །དགེ་སློང་རྣམས་ནི་གང་ཞིག་དང་། །དགེ་སློང་མ་ནི་གང་ཞིག་གིས། །མདོ་སྡེ་འདི་ནི་ཐོས་གྱུར་ནས། །ཤིན་ཏུ་གདུང་བས་ངུ་བྱེད་པ། །དེ་ཀུན་ངས་ནི་ལུང་བསྟན་ནས། །རྒྱལ་བ་གཙོ་བོ་མཐོང་བར་འགྱུར།