Degé Kangyur volume 39, F.148.a

རྩི་དང་བསྲེས་པའི་འོ་ཐུག་ཁྱེར་ཏེ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ངོ་། །​གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་ཡང་རང་རང་གི་ཟས་ཐོགས་ཏེ་འཁོད་ནས་སོ་སོ་ནས་ཚིག་འདི་སྐད་དུ། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག །​ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག་ཅེས་ཟེར་རོ། །​ཞི་བའི་བློ་གྲོས་དེ་ན་བྱང་ཆུབ་སེམས་དཔས་གྲོང་མིའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱི་ཁ་ཟས་དེ་དག་བླངས་ནས་ཐམས་ཅད་ཟོས་ཀྱང་ཕན་ཚུན་མ་མཐོང་ངོ་། །​ལྷའི་བུ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ཏེ། བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཤེས་སོ། །​དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏེ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའ་ཟས་ལེན་པར་སྦྱོར་བ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཞེས་བྱ་བའོ། །​ཟས་ལེན་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།​། །​།དེ་ནས་བྱང་ཆུབ་སེམས་དཔའ་ལུས་བཀྲུས་ཏེ་ལུས་སྟོབས་དང་ལྡན་པར་གྱུར་ནས་ཟས་ཟོས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་ངོ་། །​དེ་སོང་བ་དང་ས་ལ་སྤྱོད་པའི་ལྷའི་བུས་བཟངས་ཞེས་བྱ་བས་ས་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ལ་བོས་ཏེ་སྨྲས་པ། ས་འཛིན་གང་ཞིག་མི་གཡོ་མི་བསྐྱོད་པ། །​སྲེད་པས་བསལ་ཅིང་ཁོང་ཁྲོ་རབ་སྤངས་པ། །​བྱང་ཆུབ་སེམས་དཔའ་དེ་ནི་ཤིང་དྲུང་བྱོན། །​ས་གཞི་དག་ནི་ལེགས་པར་བརྒྱན་པར་བྱ། །​ལེགས་སོ་ཞེས་ཏེ་ས་ལ་སྤྱོད་རྣམས་དགའ། །​སྟོང་གསུམ་ཐམས་ཅད་ཡོངས་སུ་ཕྱག་དར་བྱེད། །​མེ་ཏོག་སིལ་མ་བཀྲམ་ཞིང་སྤོས་མཆོག་བདུགས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-1948#UT22084-039-003-1948