Degé Kangyur volume 39, F.155.b

ཀུན་ཏུ་རབ་ཏུ་གཡོས་སོ། །​འགུལ་ཏོ། །​རབ་ཏུ་འགུལ་ཏོ། །​ཀུན་ཏུ་རབ་ཏུ་འགུལ་ཏོ། །​ལྡེག་གོ། །​རབ་ཏུ་ལྡེག་གོ། །​ཀུན་ཏུ་རབ་ཏུ་ལྡེག་གོ། །​འཁྲུགས་སོ། །​རབ་ཏུ་འཁྲུགས་སོ། །​ཀུན་ཏུ་རབ་ཏུ་འཁྲུགས་སོ། །​འུར་འུར་རོ། །​རབ་ཏུ་འུར་འུར་རོ། །​ཀུན་ཏུ་རབ་ཏུ་འུར་འུར་རོ། །​ཆེམ་ཆེམ་མོ། །​རབ་ཏུ་ཆེམ་ཆེམ་མོ། །​ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །​ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོའོ། །​ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོའོ། །​ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོའོ། །​བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོའོ། །​མཐའ་མཐོ་ན་དབུས་དམའོ། །​དབུས་མཐོ་ན་མཐའ་དམའོ། །​ཞི་བའི་བློ་གྲོས་དེ་ལྟར་རྣམ་པ་དྲུག་དང་། ལྟས་ཆེན་པོ་བཅྭ་བརྒྱད་དུ་ས་གཡོས་པ་ཆེན་པོ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །​བདུད་སྡིག་ཅན་རྣམས་ཀྱིས་ཀྱང་འུར་སྒྲ་དང་། ཏུག་ཆེམ་གྱི་སྒྲ་ཆེན་པོ་དང་། ཟུང་ཤིག་དང་། རྒྱོབ་ཅིག་པ་དང་། ཆིངས་ཤིག་པ་དང་། སོད་ཅིག་པའི་སྒྲ་ཐོས་སོ། །​བདུད་ཀྱི་འཁོར་གྱིས་ནི་བྱང་ཆུབ་སེམས་དཔའི་མཐུས་སྟེང་གི་བར་སྣང་ལ་འདི་ལྟ་བུའི་སྒྲ་འདི་ཐོས་སོ། །​དྲང་སྲོང་ནང་ན་དྲང་སྲོང་མཆོག །​འདི་ནི་མི་འཇིགས་སྦྱིན་པ་སྟེ། །​སྲོག་ཆགས་ཀུན་གྱི་སྐྱབས་ཡིན་གྱིས། །​འདི་ལ་སྐྱབས་སུ་འགྲོ་བར་གྱིས། །​ཞི་བའི་བློ་གྲོས་བདུད་ཀྱི་འཁོར་གྱིས་སྒྲ་དེ་ཐོས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁས་བུབ་ཏུ་ས་ལ་སྒྱེལ་ནས་སྐྱེས་བུ་ཆེན་པོ་ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཞེས་ཚིག་དེ་སྐད་སྨྲས་སོ། །​བདུད་སྡིག་ཅན་ལྷག་མ་རྣམས་ནི་དཔུང་གི་ཚོགས་དང་ལྷན་ཅིག་ཏུ་འབྲོས་པར་འདོད་ན་འབྲོས་མ་ནུས་ནས་དེ་དག་ལ་སྙིང་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་ལས་འོད་ཕྱུང་བ་དང་། འོད་དེས་དེ་དག་འཇིགས་པ་ཐམས་ཅད་དང་བྲལ་ཏེ། རང་རང་གི་གནས་སུ་དོང་ངོ་། །​ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་བདུད་འདུལ་བའི་རྣམ་པར་སྤྲུལ་པ་འདི་བསྟན་པ་ན་བདུད་ཀྱི་འཁོར་དེ་ལས་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །​སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-1963#UT22084-039-003-1963