Degé Kangyur volume 39, F.89.a

།བཀོད་པ་མཐའ་ཡས་འདབ་ཆགས་བྱའི་སྤྱོད་ཡུལ་ཅི་ཡིན། གསོལ་བ། བཅོམ་ལྡན་འདས་སྤྱོད་ཡུལ་ནམ་མཁའ་ལགས་སོ། །​བཀའ་སྩལ་པ། བཀོད་པ་མཐའ་ཡས་ནམ་མཁའི་སྤྱོད་ཡུལ་ཡང་ཅི་ཡིན། གསོལ་བ། བཅོམ་ལྡན་འདས་མ་མཆིས་སོ། །བཀའ་སྩལ་པ། བཀོད་པ་མཐའ་ཡས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའི་སྤྱོད་ཡུལ་ཅན་ཡིན་ནོ། །​ཆོས་རྣམས་ནི་སྤྱོད་ཡུལ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཞིང་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་སྤྱོད་ཡུལ་མེད་པ། སྤྱོད་པ་མེད་པ། རབ་ཏུ་སྤྱོད་པ་མེད་པ་རྗེས་སུ་སྤྱོད་པ་མེད་པ་ཡིན་ནོ། །​ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཤེས་པ་ནམ་མཁའ་ལྟ་བུར་སྦྱོང་བར་འགྱུར་བ་ཡིན་ནོ། །​ཆོས་ཀྱི་སྒོ་འདི་ནི་འོད་མཐའ་ཡས་པ་ཡིན་ཏེ། །​ཇི་ལྟར་ན་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པས་ཀུན་ཏུ་ཁྱབ་ཀྱང་འདིའི་འོད་ཁྱབ་པར་སྣང་བ་ཡང་མེད་དོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཀྱི་སྒོ་འདི་ཐོབ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པར་ལྟ་ཞིང་འཇིག་རྟེན་ཐམས་ཅད་ལ་ཡང་ཡང་དག་པར་རྗེས་སུ་ལྟའོ། །​བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱིས་རྣམ་པར་ཤེས་པར་བྱ་བའི་ས་དང་། ངེས་པར་འབྱེད་པའི་ཤེས་རབ་ཀྱིས་ཡིན་ཏེ། འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ས་ནི་མ་ཡིན་ནོ། །​ཆོས་ཀྱི་ཚུལ་བརྗོད་དུ་མེད་པ་འདི་ནི་ཆོས་ཀྱི་ཕྱག་རྒྱ་བརྗོད་དུ་མེད་པ་དང་། ཕྱག་རྒྱར་བརྗོད་ཅིང་གདགས་པ་མི་དམིགས་པ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཕྱག་རྒྱ་མེད་པ། ཕྱག་རྒྱ་ཡང་དག་པར་མེད་པ་ཡིན་ནོ། །​ཕྱག་རྒྱ་མེད་པའི་དངོས་པོ་ལ་མཁས་པ་རྟོགས་པས། ཆོས་ཐམས་ཅད་ནམ་མཁའ་བླ་གབ་མེད་པའི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེ་དག་ནི་ཕྱག་རྒྱ་མཚན་ཉིད་མེད་པ་ཡང་དག་པར་སྟོན་པར་བྱེད་དོ། །​ནམ་མཁའ་ལ་ནི་མཚན་ཉིད་ཅུང་ཟད་ཀྱང་མེད་དེ། ནམ་མཁའ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱང་མ་ཡིན། བརྗོད་པའི་མཚན་ཉིད་ཀྱང་མ་ཡིན་ནོ། །​འདི་ནི་ནམ་མཁའོ་ཞེས་བསྟན་པ་ཡང་ནམ་མཁའ་ནི་ཡང་དག་པའི་ཚོགས་ཀྱིས་ལུས་སུ་བསྟན་པ་མེད་དེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-558#UT22084-039-002-558