Degé Kangyur volume 39, F.81.a

སེམས་ཅན་རྣམས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡང་སྡུད་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དཔེ་དུ་མ་དང་། ཉེ་བར་བཀོད་པ་དུ་མས་ཆོས་ཡང་དག་བསྡུ་བ་འདི་དང་། གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་རྗོད་ཅིང་སྟོན་པར་མཛད་དོ། །​དེ་ལྟ་བས་ན་ཁྱེད་ཀྱིས་ཆོས་ཀྱི་འབེལ་བའི་གཏམ་བླ་ན་མེད་པ་ཡང་གྱིས་ཤིག །​ཁྱེད་ཀྱིས་སེམས་ཅན་རྣམས་ལ་ཡང་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པར་གྱིས་ཤིག །​མྱུར་དུ་དེ་བཞིན་གཤེགས་པའི་མི་འཇིགས་པ་ཡང་ཡོངས་སུ་རྫོགས་པར་གྱིས་ཤིག །​བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ལས་ཆེན་པོས་མངོན་པར་ཤེས་པས་སྒྲུབ་པའི་ལས་ལ་སློབ་པ་ནི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། །​དེ་ལ་མངོན་པར་ཤེས་པ་སྒྲུབ་པའི་ལས་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཤིང་ཡང་དག་པའི་འགྲོ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ཆེན་པོ་ནམ་མཁའ་ལྟར་རྟེན་མེད་པའི་འདུ་ཤེས་ཡིད་ལ་བྱེད་པས་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ཞིང་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྟོབས་དཔག་ཏུ་མེད་པ་དང་ཡང་ལྡན་ལ། ཤེས་རབ་དང་ཡེ་ཤེས་ལ་མཁས་པའི་སྟོབས་མཐའ་ཡས་པས་ཆོས་ཐམས་ཅད་ཤེས་པ་ལ་མཁས་པའི་རྣམ་པར་ངེས་པ་ཐོབ་ཀྱང་ཆོས་ཅུང་ཟད་ཀྱང་ཐོབ་པ་ཡང་མེད་དམིགས་པ་ཡང་མེད་དོ། །​དེ་བཞིན་གཤེགས་པ་ནི་མི་དམིགས་པ་ལ་གནས་པ་དང་། མི་མཉམ་པ་དང་མཉམ་པ་ལ་གནས་པ་ཡིན་ཡང་དེ་བཞིན་གཤེགས་པ་ཆོས་གང་གིས་ཀྱང་གནས་པ་མ་ཡིན་ནོ། །​དེ་བཞིན་གཤེགས་པ་ནི་དགོན་པ་ལ་གནས་པ་དང་། ཆགས་པ་མེད་པར་གནས་པ་དང་། རྣམ་པར་དག་པའི་ཡེ་ཤེས་མཐོང་བ་ལ་གནས་པ་ཡིན་ཡང་དེ་བཞིན་གཤེགས་པ་ལ་མི་མཁྱེན་པའམ། མི་གཟིགས་པ་ཅུང་ཟད་ཀྱང་མི་མངའ་སྟེ། དེ་བཞིན་གཤེགས་པ་ནི་རང་བྱུང་གི་ཡེ་ཤེས་མཐོང་བ་མཐའ་ཡས་པ་ལ་གནས་ཤིང་ཕྱིན་ཅི་ལོག་གི་མུན་པ་དང་བྲལ་བས་སྒྲིབ་པ་མེད་པ་ཡིན་ནོ། །​དེ་ལྟ་བས་ན་དེ་བཞིན་གཤེགས་པས་ཆོས་འདི་དག་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྒྱུ་མའི་རང་བཞིན་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-542#UT22084-039-002-542