Degé Kangyur volume 39, F.76.a

འདི་ལྟར་མ་རིག་པའི་མུན་པས་མི་ཤེས་པ་དང་། མངོན་པར་མ་རྟོགས་པ་ནི་དེ་དག་གི་སྔོན་དུ་འགྲོ་བ་ཡིན་ནོ། །​གང་དག་གིས་དེ་ལྟར་མཐོང་བ་དེ་དག་ལ་ནི་སྒོ་ཡོངས་སུ་དག་པ་བསམ་གྱིས་མི་ཁྱབ་པ་ཡང་སྐྱེ་བར་འགྱུར། གཟུངས་ཀྱང་ཐོབ་པར་འགྱུར་ཏེ་རྣམ་པར་ཤེས་པ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་འདི་ནི་ཤེས་རབ་ཀྱི་ལས་ཡིན། འདི་ནི་གཟུངས་ཐོབ་པའི་ལས་ཡིན། འདི་ནི་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སྦྱོང་བར་བྱེད་པ། འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་ས་ཡིན། འདི་ནི་བག་མེད་པ་འདུལ་བའི་ས་ཡིན། འདི་ནི་ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་ཉམས་པ་མེད་པ་ཡིན། འདི་ནི་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ཡིན། འདི་ནི་བདག་མེད་པའི་ཡེ་ཤེས་མཚན་ཉིད་མེད་པའི་རྗེས་སུ་འགྲོ་བ་ཡིན། འདི་ནི་འདུ་ཤེས་སྤངས་པ་དང་མ་བྲལ་བ་ཡིན། འདི་ནི་ཐབས་ལ་མཁས་པ་མཐའ་ཡས་པས་མངོན་པར་བསྒྲུབས་པ་ཡིན་ནོ། །​གང་དག་ཆོས་འདི་ལྟ་བུ་ལ་ཚུལ་བཞིན་དུ་རྣམ་པར་རྟོག་ཅིང་སྦྱོང་བར་བྱེད་པ་དེ་དག་ནི་ཆོས་འདི་ལ་སྒྲུབ་པས་ངེས་པར་འབྱུང་བར་འགྱུར་རོ། །​བཀོད་པ་མཐའ་ཡས་ཆོས་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ཀྱང་རྗོད་ལ། ཆོས་ཀྱི་རྣམ་གྲངས་འདི་དག་ཀྱང་སྟོན་ཅིང་རབ་ཏུ་སྟོན་པར་བྱེད། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དུ་སྟོན་ཀྱང་སྟོན་པ་པོར་འདོགས་པ་ཡང་མེད་ལ། གང་བསྟན་པ་དེ་ཡང་མི་མངོན་པ་ལ་ལྟོས། བཀོད་པ་མཐའ་ཡས་བསྟན་པའི་སྒོ་ལ་འཇུག་པའི་ཚིག་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བློ་རྒྱ་མཚོ་ལྟ་བུའི་སྟོབས་ཀྱིས་རིང་དུ་འགྲོ་བར་ཡང་འགྱུར། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་ཡང་འགྱུར། ཡེ་ཤེས་ཀྱི་རྣམ་པ་རྗེས་སུ་འཐོབ་པར་ཡང་འགྱུར། གཞན་ལ་རག་མ་ལས་པའི་ཡེ་ཤེས་སྟོན་པ་ལ་མཁས་པ་ཡང་རྟོགས་པར་འགྱུར། དོན་མཉམ་པ་ཉིད་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ལ་མཁས་པ་ཡང་རྟོགས་པར་འགྱུར་ཞིང་དོན་ལ་མཁས་པ་དེས་མིང་མེད་ཅིང་མཚན་མ་མེད་པའི་ཆོས་རྣམས་སྟོན་པ་རྗོད་པར་ཡང་བྱེད་ལ། དེ་སྟོན་པར་བྱེད་པ་ཡང་མེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-532#UT22084-039-002-532