Degé Kangyur volume 39, F.65.a

།དེ་བཞིན་གཤེགས་པ་ནི་སྤྲོས་པ་མེད་པ་སྟེ། སྤྲོས་པ་ལས་ཡང་དག་པར་འདས་པ་ཡིན་ཡང་གང་ལས་ཀྱང་འདའ་བ་མེད་དོ། །​དེ་བཞིན་གཤེགས་པ་ལ་ལྷག་པར་འདས་པ་མེད་དེ། འདི་ལྟར་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ལ་ལྷག་པར་འདས་པ་མེད་པར་ཡང་མཁྱེན་ཏོ། །དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མཁྱེན་པ་ཡང་མེད་དེ། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དུ་ཡང་མཁྱེན་པ་མེད་དོ། །​དེ་བཞིན་གཤེགས་པ་ནི་ཇི་ལྟར་ཆོས་ཅུང་ཟད་ཀྱང་ཀུན་ཏུ་མི་སྟོན་པ་དེ་ལྟར་དེ་བཞིན་གཤེགས་པ་ཉིད་དུ་སྟོན་པར་མཛད་ཅིང་། ངེས་པར་སྟོན་པར་ཡང་མི་མཛད། ཡང་དག་པར་སྟོན་པར་ཡང་མི་མཛད་དོ། །​དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་པ་ཡིན་ཡང་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་གདགས་པར་བྱ་བ་མ་ཡིན་ནོ། །​ཆོས་རྣམས་ལ་ནི་རང་བཞིན་མེད་དེ། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་མ་བྱས་པ། འགྱུར་བ་མེད་པ། ཡང་དག་པར་མ་སྐྱེས་པ། མ་འགགས་པ། མ་བྲལ་བའོ། །​ཆོས་ཐམས་ཅད་ནི་ཤིན་ཏུ་རྣམ་པར་དག་པ་སྟེ། ཐོབ་པ་ཡང་མེད། ཡང་དག་པར་ཐོབ་པ་ཡང་མེད་དོ། །​ཆོས་ཐམས་ཅད་ནི་དམིགས་སུ་མེད་པའོ་ཞེས་གསུངས་སོ། །​ཆོས་ཐམས་ཅད་ནི་མངོན་པར་རྟོགས་པ་མེད་པ་སྟེ་འདི་ལྟར་ཆོས་འགའ་ཡང་ཐོབ་པ་མེད་དོ། །​ཆོས་དེ་ནི་ཅུང་ཟད་ཀྱང་ཐོབ་པར་བྱ་བ་མ་ཡིན་ཏེ་ཉེ་བར་རྟོགས་པའི་ཆོས་ནི་ཆོས་ཀྱང་མ་ཡིན། གང་གིས་ཀྱང་ཉེ་བར་རྟོགས་པ་ཡང་མེད། ཐོབ་པ་ཡང་མེད། སོ་སོར་ཐོབ་པ་ཡང་མེད་དོ། །​དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པས་ཉེ་བར་རྟོགས་པ་ཡང་མེད་པ་ཡིན་ནོ། །​དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་མངོན་པར་སྒྲུབ་པ་རྣམ་པར་སྦྱང་བའི་ཕྱིར་འཕགས་པའི་ཆོས་སུ་གདགས་པར་བརྗོད་པ་འབྱུང་བར་བསྟན་པ་གང་ཡིན་པ་དེ་ཡང་འཕགས་པའི་ཆོས་ཅུང་ཟད་ཀྱང་ཐོབ་པ་མེད་དོ། །​འཕགས་པ་རྣམས་ལ་ནི་ཆོས་སམ། ཆོས་མ་ཡིན་པ་ཅུང་ཟད་ཀྱང་མེད་དེ། ཆོས་ལ་ཡང་འཕགས་པའམ། འཕགས་པ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-510#UT22084-039-002-510