Degé Kangyur volume 39, F.50.a

བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནི་ཇི་ཙམ་དུ་ཡང་དག་པར་བསྡུ་བ་ལ་མཁས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལས་འབྱུང་བས་ཡོངས་སུ་མ་དག་པ་ལས་འབྱུང་བ་མེད་དོ། །​བཀོད་པ་མཐའ་ཡས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལ་ཡང་དག་པར་རབ་ཏུ་བསླབ་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་རྣམས་ནི་དེ་དག་གིས་ཆོས་འདི་དག་ཉིད་ལ་ངེས་པར་བསྟེན་ཅིང་ཐུགས་རྗེ་ཆེན་པོ་ལ་གནས་ནས། སེམས་ཅན་རྣམས་ལ་བྱམས་པ་ཆེན་པོས་ཁྱབ་པར་མཛད་པ་ལས་འདི་ལྟར་རྣམ་པར་ངེས་པའི་ཆོས་རྣམས་མཚུངས་པར་འབྱུང་སྟེ། སེམས་ཅན་དམན་པ་ལ་མོས་པ་ཁ་ཅིག་ནི་ཉན་ཐོས་ཀྱི་ས་ལ་འཇུག་པར་འགྱུར་རོ། །​ངན་པའི་ས་ལ་མོས་པའི་སེམས་ཅན་ཁ་ཅིག་ནི་རང་སངས་རྒྱས་ཀྱི་ས་ལ་འཇུག་པར་འགྱུར་རོ། །​སྨོན་ལམ་ཆེན་པོ་ཕུན་སུམ་ཚོགས་པའི་སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལ་འཇུག་པར་འགྱུར་རོ། །​དམན་པའི་ཆོས་དང་ངན་པའི་ཆོས་རྣམས་ཡོངས་སུ་སྤངས་པ་ངེད་ནི་རྒྱ་ཆེན་པོའི་ཆོས་ལ་མོས་པ་འདི་དག་ལ་གནས་ཤིང་ངེད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་བསྟན་པའི་གསང་ཚིག་གི་མཚམས་དེ་དག་མཁྱེན་ནས། སེམས་ཅན་རྣམས་ཀྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ཚིག་འབྲུ་དཔེ་མེད་པ་དང་། རྒྱ་ཆེ་བ་དང་། གྱ་ནོམ་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡང་དག་པར་བླངས་པ་དག་འབྱུང་སྟེ། ཆོས་དེ་དག་ཐམས་ཅད་ནི་མཉམ་པ་སྟེ། ལྷག་པ་མེད་པ། ཆད་པ་མེད་པ། གཟུགས་མེད་པ་མ་ཡིན་པ། གཟུགས་མཉམ་པ་ཡིན་པ། འགྲིབ་པ་མེད་པ། ཡོངས་སུ་རྫོགས་པ་མེད་པ། མཐའ་ཡས་པ། འཆི་བ་མེད་པ། རང་བཞིན་གྱིས་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་རྟོགས་པར་འགྱུར་ཡང་ཆོས་གང་ཡང་རབ་ཏུ་རྟོགས་པ་ཡང་མེད། ཡང་དག་པར་རྟོགས་པ་ཡང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་རྣམ་གྲངས་སུ་བསྟན་ཏེ་གསུངས་པས་ན་གང་རྣམ་གྲངས་སུ་བསྟན་ཏེ་གསུངས་པའི་ཆོས་དེ་ལ་ནི་ཆོས་དང་ཆོས་མ་ཡིན་པའི་གནས་སྐབས་སུ་གདགས་པ་མེད་པའི་ཕྱིར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-480#UT22084-039-002-480