Degé Kangyur volume 36, F.393.b
།དེ་ལ་འགྲོ་བ་མེད་ཅིང་ཕྱིར་ལྡོག་མེད་པ་སྟེ། །བརྗོད་དུ་མེད་པའི་ཡུལ་ལ་འང་རབ་ཏུ་འཇུག །བརྗོད་དུ་མེད་པའི་ཞིང་དུ་རྣམ་པར་རྒྱུ། །བརྗོད་དུ་མེད་པའི་བསྐལ་པ་ཟད་པར་བྱེད། །ཚུལ་གྱི་རྣམ་པ་བརྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་པས་དེ་བཞིན་ཉིད་ཀྱང་འཐོབ། །ཡེ་ཤེས་བརྗོད་དུ་མེད་པའང་རབ་ཏུ་འབྱུང་། །སྐད་ཅིག་རེ་རེར་བརྗོད་དུ་མེད་པ་སྟོན། །རེ་རེའི་ཚིག་གིས་བརྗོད་དུ་མེད་པ་ཡི། །སངས་རྒྱས་བརྗོད་དུ་མེད་པ་རབ་ཏུ་ཤེས། །བྱང་ཆུབ་དུས་གཅིག་མངོན་པར་སངས་རྒྱས་པ། །ཐ་དད་དུས་སུ་ཁོང་དུ་ཆུད་པར་བྱེད། །དེ་དག་སྐྲ་རྩེ་འཇུག་པ་བརྗོད་དུ་མེད། །ཤིན་ཏུ་ཕྲ་ལ་འཇུག་པའང་བརྗོད་དུ་མེད། །རབ་ཏུ་རྒྱ་ཆེའི་རྒྱུད་ཀྱང་བརྗོད་དུ་མེད། །སངས་རྒྱས་རྣམ་པར་མཐོང་བ་འང་བརྗོད་དུ་མེད། །སངས་རྒྱས་རིགས་ལ་གང་བཞུགས་དེ་དག་གིས། །ཚུལ་གཅིག་ཉིད་ཀྱང་བརྗོད་དུ་མེད་པ་སྟེ། །དེ་བས་ཞིང་རྒྱུད་བརྗོད་དུ་མེད་པ་ལ། །རྫོགས་པར་འཚང་རྒྱའི་དོན་དུ་ཀུན་ཏུ་འཇུག །ཞིང་དང་སེམས་ཅན་དེ་བཞིན་གཤེགས་པ་རྣམས། །ཐ་དད་ཁམས་བསྒྱུར་བརྗོད་དུ་མེད་པ་དག །བརྟན་པས་ཤེས་པ་བརྗོད་དུ་མེད་པ་སྟེ། །དུས་གསུམ་འཛིན་པ་བརྗོད་དུ་མེད་པ་ཡིན། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས་སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་བསྐལ་པ་ཇི་ཙམ་པ་དེ་ནི་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཡོད་པའི་ཉིན་ཞག་གཅིག་གོ
Next The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh44-37.html?part=UT22084-036-008-71#UT22084-036-008-71