Degé Kangyur volume 36, F.234.a

སེམས་དཔའི་ས་བདུན་པོ་འདི་ལ་ནི་རང་གི་བློའི་སྤྱོད་ཡུལ་རྣམ་པར་དཔྱོད་པ་རབ་ཏུ་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་བཙས་མ་ཐག་ཏུ་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །​ནམ་ནར་སོན་པར་གྱུར་པ་དེའི་ཚེ། རང་གི་བློའི་མཐུས་བློན་པོ་ཐམས་ཅད་ཀྱི་བྱེད་པའི་ཚུལ་ལས་ཤིན་ཏུ་འདས་པ་ཡིན། །​ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་འང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་བདག་ཉིད་ཆེན་པོས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། རང་གི་བློས་རྣམ་པར་བརྟགས་པ་ནི་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་སྟོབས་ཀྱི་ཤུགས་ཀྱིས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱེད་པའི་ཚུལ་ལས་ཤིན་ཏུ་འདས་པ་ཡིན་ནོ། །​ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་དང་ལྡན་པ་འང་རབ་ཏུ་ཐོབ་པ་ཡིན་ཏེ། ཁྱད་པར་གོང་དུ་བཙལ་བའི་བརྩོན་འགྲུས་ཀྱང་ཡོངས་སུ་མི་གཏོང་ངོ་། །​ཡོངས་སུ་བཙལ་བའི་བརྩོན་འགྲུས་དེས་ཀྱང་ཡང་དག་པའི་མཐར་གནས་པ་ལ་གནས་ཏེ། ཁྱད་པར་གོང་མ་ཤིན་ཏུ་ཐོབ་པར་བྱ་བའི་ཕྱིར། ཡང་དག་པའི་མཐའ་མངོན་དུ་འང་མི་བྱེད་དོ། །​བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-31.html?part=UT22084-036-002-2137#UT22084-036-002-2137