Degé Kangyur volume 36, F.217.a

བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་བགྲང་བར་དཀའ་འོ། །​དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །​རྒྱལ་བའི་སྤྱོད་པ་བཞི་པོ་དེ་ལྟར་རྣམ་སྦྱངས་ཏེ། །​དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སུ་སེམས་བྱེད་ཅིང་། །​ཚུལ་ཁྲིམས་སེམས་དང་ནན་ཏན་ལམ་རྣམས་རྣམ་དག་པས། །​ནེམ་ནུར་མེད་པའི་མཁས་པ་ལྔ་པོ་ཡོངས་སུ་གནོན། །​དྲན་པའི་གཞུ་དང་དབང་པོའི་མདའ་རྣོ་ཕྱིར་མི་ལྡོག །​ཡང་དག་སྤོང་བ་རྟ་ཡིན་བཞོན་པ་རྫུ་འཕྲུལ་རྐང་། སྟོབས་ལྔ་གོ་ཅ་དགྲ་རྣམས་ཀྱིས་ནི་ཚུགས་མི་ནུས། །​དཔའ་བས་མི་ལྡོག་མཁས་པ་ལྔ་པོ་ཡོངས་སུ་གནོན། །​ངོ་ཚ་ཁྲེལ་ཡོད་གོས་ཡིན་མཁས་པའི་ཚུལ་གཙང་སྤོས། །​བྱང་ཆུབ་ཡན་ལག་ཕྲེང་བ་བྱུག་པ་བསམ་གཏན་མཆོག །​ཤེས་རབ་རྣམ་པར་དཔྱོད་དང་ཐབས་མཆོག་རྒྱན་ཡིན་ཏེ། །​བཟའ་ཤིང་ར་བ་ཏིང་འཛིན་དགའ་ལྡན་ཡང་དག་གནོན། །​རྫུ་འཕྲུལ་བཞི་པོ་རྐང་པ་དྲན་པ་རྣམ་དག་མགྲིན། །​བྱམས་བརྩེ་རྣམ་དག་མིག་ཡིན་ཤེས་རབ་མཆེ་བ་མཆོག །​བདག་མེད་ང་རོས་ཉོན་མོངས་དགྲ་རྣམས་རབ་ཏུ་འཇོམས། །​མཁས་པ་མི་ཡི་སེང་གེ་ས་ལྔ་ཡོངས་སུ་གནོན། །​དེ་དག་ས་མཆོག་ལྔ་པོའི་ཕྱོགས་སུ་ཕྱིན་གྱུར་ནས། །​ཡོངས་སུ་དག་པའི་ལམ་རྣམས་ཕྱིར་ཞིང་གོང་དུ་སྦྱོང་། །​བསམ་དག་མཁས་པ་རྒྱལ་བ་འཐོབ་པར་བྱ་དོན་དུ། །​སྐྱོ་བ་མེད་པར་སྙིང་རྗེ་བྱམས་པའི་རྗེས་སུ་སེམས། །​བསོད་ནམས་ཚོགས་བསྩགས་དེ་བཞིན་ཡེ་ཤེས་རབ་ལྡན་པ། །​ས་རྣམས་སྣང་བར་བྱ་ཕྱིར་གཅིག་མིན་ཐབས་རྟོག་ཅིང་། །​སངས་རྒྱས་བྱིན་གྱིས་དྲན་དང་བློ་གྲོས་བློ་ཐོབ་པས། །​བདེན་པ་བཞི་པོ་མ་ལུས་ཡང་དག་ཁོང་དུ་ཆུད། །​དོན་དམ་བདེན་པ་དེ་བཞིན་ཀུན་རྫོབ་མཚན་བདེན་དང་། །​རྣམ་པར་དབྱེ་བའི་བདེན་པ་དེ་བཞིན་བརྟག་བདེན་དང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-31.html?part=UT22084-036-002-2103#UT22084-036-002-2103