།འཇིག་རྟེན་ཀུན་ཏུ་འགྲོ་བས་ཤེས་དཀའ་སྤྱོད་བྱེད་ཅིང་། །བདག་བྲལ་བྱེད་མེད་ཡོད་དང་མེད་པ་རྣམ་བསྩལ་བའི། །རང་བཞིན་སྟོང་ཆོས་ཡན་ལག་བཅུ་གཉིས་རབ་འབྱུང་ཞེས། །ཕྲ་ཞིང་རྣོ་བའི་སེམས་ལྡན་བདུན་པ་ཡོངས་སུ་གནོན། །ཐབས་དང་ཤེས་རབ་སེམས་ཡངས་རབ་ཏུ་ཐོབ་གྱུར་ཅིང་། །རིང་དུ་སོང་བ་གདུལ་དཀའ་རིང་དུ་སོང་བ་གནོན། །རང་བཞིན་དུལ་ཞིང་ཞི་ཕྱིར་དུ་མའི་སེམས་སྤངས་ཏེ། །དེ་ནས་ནམ་མཁའ་འདྲ་བའི་མི་གཡོ་ཡོངས་སུ་གནོན། །དེ་ལ་མཁས་པའི་ཡེ་ཤེས་ལས་རྣམས་སྣ་ཚོགས་ཕྱིར། །ཞི་བ་དེ་ལས་བསླང་ཞིང་མི་ཡི་མཆོག་ཏུ་བསྣམས། །དབང་བཅུ་ལྡན་ཞིང་འཇིག་རྟེན་ཡང་དག་ཉིད་དཔྱད་པའི། །རང་བཞིན་ཆེན་པོ་འགྲོ་ཕྱིར་ལེགས་པའི་བློ་གྲོས་གནོན། །འདི་ལ་ཤིན་ཏུ་ཕྲ་བར་འཇིག་རྟེན་ཀུན་དཔྱད་ཅིང་། །སེམས་ཅན་ཐིབས་པོའི་སྤྱོད་ལྡན་ཉོན་མོངས་ལས་དཔྱད་དེ། །དེ་དག་གདུལ་བའི་སྤྱོད་པས་ཡོན་ཏན་མང་པོ་གནོན། །བདེ་གཤེགས་མཛོད་ཐོབ་དོན་གྱི་དམ་པ་རབ་ཏུ་སྟོན། །དཀར་ཆོས་རིམ་གྱིས་དེ་འདྲའི་སྤྱོད་དང་ལྡན་གྱུར་པས། །ས་དགུའི་བར་དུ་བསོད་ནམས་ཡེ་ཤེས་ཚོགས་ཐོབ་ཅིང་། །རྒྱལ་བ་རྣམས་ཀྱི་སྟོབས་མཆོག་དོན་དམ་མངོན་འདོད་པ། །ཡེ་ཤེས་ཡོན་ཏན་དབང་བསྐུར་སངས་རྒྱས་ཀུན་ལས་འཐོབ། །བརྒྱ་སྟོང་ཕྲག་བཅུའི་ཏིང་འཛིན་གྲངས་མེད་གང་ཡོད་པ། །སྤྱོད་ཡུལ་ཤེས་པ་ཆེ་ཉིད་ཤེས་ཡངས་ཐོབ་གྱུར་ནས། །དེ་ཡི་རྗེས་ལ་ཐམས་ཅད་མཁྱེན་པར་དབང་བསྐུར་འཐོབ། །ཡུལ་ཡངས་ཏིང་འཛིན་དེ་དག་ཐོས་པ་དེ་མི་སྒུལ། །གང་ཚེ་དེ་ཡིས་ཀུན་མཁྱེན་དབང་བསྐུར་ཐོབ་པའི་ཚེ། །པད་མོ་རྒྱ་ཆེན་རིན་ཆེན་ཀུན་གྱིས་བརྒྱན་པ་འབྱུང་། །དེ་ཡི་ཚུལ་མཐུན་ལུས་ཀྱི་དབུས་སུ་གནས་པར་འགྱུར། །རྒྱལ་བའི་སྲས་ཀྱིས་ཡོངས་བསྐོར་དེ་ལ་ལྟ་ཞིང་གནས། །དེ་ཡི་འོད་གཟེར་ཁྲག་ཁྲིག་མཐའ་ཡས་སྟོང་ཕྲག་མང་། །ཕྱོགས་བཅུའི་འགྲོ་བའི་སྡུག་བསྔལ་ཀུན་ཀྱང་ཞི་བར་བྱེད།