འཁོར་ཐམས་ཅད་དེ་བས་ཀྱང་དད་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་ལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །བདེ་གཤེགས་སྤྱོད་ཡུལ་ཞི་ཞིང་ཉེ་བར་ཞི། །སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ། །དེ་དག་ས་དང་སྤྱོད་པ་དེ་འདྲ་བས། །སྨྲ་བར་དཀའ་ན་བསྟན་པར་ག་ལ་ནུས། །དེ་ནི་བསམ་ཡས་སེམས་ལམ་རྣམ་པར་སྤངས། །ཡེ་ཤེས་མངོན་བསྒྲུབས་རྒྱལ་བའི་སྤྱོད་ཡུལ་ཏེ། །ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་སྐྱེད་པ་མིན། །སེམས་ཀྱིས་མི་ཤེས་ཡིད་ཀྱིས་རྣམ་མ་བརྟགས། །ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བསྟན་པར་མི་ནུས་པ། །དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །དེ་ལས་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །བཤད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། །དེ་འདྲའི་སྤྱོད་ཡུལ་ཕྲ་ཞིང་བལྟ་དཀའ་བ། །རང་རིག་ཡིན་པས་བརྗོད་པར་མི་ནུས་ཀྱང་། །འོན་ཀྱང་བདེ་བར་གཤེགས་པའི་མཐུས་བརྗོད་ཀྱིས། །ཐམས་ཅད་མཐུན་པར་ནན་ཏན་གྱིས་དེ་ཉོན། །ཡེ་ཤེས་ས་དང་སྤྱོད་འཇུག་ཅི་འདྲ་བ། །བསྐལ་པ་བྱེ་བར་ཟད་པར་མི་ནུས་ཏེ། །ཡང་དག་དོན་དངོས་གཞན་མིན་གནས་པ་ལས། །མདོ་ཙམ་བཤད་ཀྱིས་དེ་དག་མཉན་པར་གྱིས། །མཐུན་ཞིང་ནན་ཏན་ཡོད་པར་སྟ་གོན་གནས། །བདེ་གཤེགས་བྱིན་གྱིས་བདག་གིས་བཤད་པར་བྱ། །དཔེ་ལྡན་འཐད་ལ་ཡི་གེ་མཉམ་པ་ཡི། །ཆོས་སྒྲ་དམ་པ་བདག་གིས་བརྗོད་པར་བྱ། །འདི་ནི་ཚིག་གིས་བརྗོད་པར་ཤིན་ཏུ་དཀའ། །དེ་ལྟར་ཚད་མེད་བདེ་གཤེགས་མཐུ་དག་ལས།