Degé Tengyur volume 93, F.245.a

ནས་བསོད་ནམས་མང་བ་དང་། དེའི་རྒྱུ་གསུངས་ཏེ། བསོད་ནམས་མང་དུ་འཕེལ་བ་དེ་དང་། དེའི་རྒྱུ་ཡང་ནོར་བུ་རིན་པོ་ཆེའི་དཔེས་གཞུང་ཉིད་ལས་རིག་པར་བྱའོ། །​བཅོམ་ལྡན་འདས་གང་ཡིད་ལ་བགྱི་བ་ཐམས་ཅད་རང་བཞིན་དང་བྲལ་བ་སྟེ། ཡིད་ལ་བགྱི་བ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་བྱ་བ་འདིས་འདི་སྐད་ཞུས་ཏེ། གལ་ཏེ་ཡིད་ལ་བྱེད་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་ཞིང་བྲལ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རིག་པར་འགྱུར། ངོ་བོ་ཉིད་ཀྱིས་དབེན་ཞིང་སྟོང་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཡིད་ལ་བྱེད་པའམ། བྱང་ཆུབ་སེམས་དཔའ་གང་ཡང་མི་དམིགས་སོ་ཞེས་ཞུས་པའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་སེམས་དཔའ་དང་། ཡིད་ལ་བྱེད་པ་རྣམས་ཆོས་གཞན་ཞིག་ཏུ་ཡོངས་སུ་བརྟགས་ནས་དེ་སྐད་གསུངས་པ་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་གང་། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་པ་དེ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བའོ་ཞེས་བརྟགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་དེ་དག་ལ་ཐ་དད་པ་མེད་པར། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པ། དྲི་མ་མེད་པའི་ཤེས་རབ་ཆོས་ཐམས་ཅད་ཀྱིས་དབེན་པ། ཆོས་ཐམས་ཅད་ཀྱིས་སྟོང་པའོ། །​དེ་ལ་འཕེལ་བ་མེད་དོ། །​ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་རབ་ཏུ་ཞུགས་པའི་དབང་གིས་གློ་བུར་དུ་འཕེལ་བ་ཡང་མེད། མ་ཞུགས་པའི་དབང་གིས་འགྲིབ་པ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །​བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་། རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་ཞུས་པ་གཉིས་པ་ནི། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-22155#UT23703-093-001-22155