Degé Tengyur volume 93, F.228.a

ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་བཞི་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་ལྔ་པའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་བགྱིས་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་དྲུག་པའོ། །​དགེ་བའི་རྩ་བ་ཇི་ཙམ་ཞིག་བསྐྱེད་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་བདུན་པའོ། །​བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་དྲུག་ཅུ་བརྒྱད་པའོ། །​བཅོམ་ལྡན་འདས་གལ་ཏེ་དོན་གྱི་རྗེས་སུ་ཞུགས་པའི་ཆོས་གང་ཡང་བྱེ་བྲག་གམ་ཐ་དད་དུ་བགྱི་བ་མ་མཆིས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་རབ་ཅེས་བྱ་བ་ནི་དྲུག་ཅུ་དགུ་པའོ། །​བཅོམ་ལྡན་འདས་ཅི་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མ་མཆིས་སམ་ཞེས་བྱ་བ་ནི་བདུན་ཅུ་པའོ། །​བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་གཅིག་པའོ། །​བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མི་བགྱི་ཞེས་བྱ་བ་ནི་བདུན་ཅུ་གཉིས་པའོ། །​བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལྟར་གཟུགས་ཡིད་ལ་མི་བགྱི་ཞེས་བྱ་བ་ནི་བདུན་ཅུ་གསུམ་པའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་གང་ལ་གནས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་བཞི་པའོ། །​བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་གཟུགས་ལ་གནས་པར་མི་འགྱུར་ཞེས་བྱ་བ་ནི་བདུན་ཅུ་ལྔ་པའོ། །​བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་དྲུག་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-22121#UT23703-093-001-22121