Degé Tengyur volume 93, F.217.b

བཟུང་སྟེ་གོ་ཆ་འདིས་བགོས་པ་ནི་མ་ཡིན་གྱི། མཚན་མ་མེད་པའི་གོ་ཆ་ཡིན་ནོ་ཞེས་བསྟན་པའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་མཚམས་བཅད་དེ་སེམས་ཅན་གྱི་དོན་དུ་གོ་ཆ་བཙལ་བ་མ་ལགས་སོ་ཞེས་བྱ་བ་ནི་སེམས་ཅན་འདི་སྙེད་ཅིག་མྱ་ངན་ལས་འདའ་འོ་ཞེས་བྱ་བར་ཡོངས་སུ་ངེས་པའི་མཚམས་བཅད་པ་གང་ཡང་མེད་དོ། །​སུས་ཀྱང་བསྒོམ་པར་མི་བགྱིའོ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །​གང་དུ་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི་ཆོས་གང་ལས་བསྒོམ་པར་བྱ་བ་མ་མཐོང་བའི་ཕྱིར་རོ། །​ཇི་ལྟར་ཡང་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི་བསྒོམ་པའི་ཡིད་ལ་བྱེད་པ་ཡང་མ་མཐོང་བའི་ཕྱིར་རོ། །​དེ་ནི་བསྒོམ་པ་རྣམ་པར་འཇིག་པའོ་ཞེས་བྱ་བ་ནི་བསྒོམ་པ་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས། འདི་ཕྱིར་མི་ལྡོག་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྟག་པར་བྱ་བའོ། །​དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཞེན་པ་མེད་དམ་ཞེས་བྱ་བ་ནི་བརྟགས་པའི་མཚན་མ་སྟོན་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དང་། སྟོང་པ་ཉིད་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཤད་པ་ན་དེ་ལ་མངོན་པར་ཞེན་པ་མི་སྐྱེད་ཅིང་མི་གནས་ན་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ཡོངས་སུ་བརྟག་པར་བྱའོ། །​ལ་ལ་རང་བཞིན་གྱིས་གཞན་གྱིས་སྨྲས་པ་ལ་སྙིང་པོར་འདུ་ཤེས་མི་སྐྱེད་དོ། །​ལ་ལ་དད་པར་མི་འགྱུར་རོ། །​ལ་ལ་དེ་ལ་ཆགས་པར་མི་འགྱུར་རོ། །​ཞེ་སྡང་བར་མི་འགྱུར་གྱི་བཏང་སྙོམས་སུ་གནས་པར་འགྱུར་རོ། །​ལ་ལ་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-22100#UT23703-093-001-22100