Degé Tengyur volume 93, F.177.a
ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་ན་སངས་རྒྱས་ཉིད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་ནི་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཆོས་ཉིད་ཀྱི་འགྲེས་ལ་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གཟུགས་རྟག་གོ་ཞེས་གནས་པར་མི་བྱ། མི་རྟག་གོ་ཞེས་ཀྱང་གནས་པར་མི་བྱའོ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་གནས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །ས་དང་པོ་ནས་ས་བཅུ་པའི་བར་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནས། སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་བསྟན་པའོ། །མིག་ལྔ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནས་བཟུང་སྟེ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལུས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གང་ཟག་བསྟན་པའི་འགྲེས་ལ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ལ་སོགས་པའི་དབང་གིས་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས་ཞེས་བྱ་བ་ལ་སོགས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སའི་ཕྱོགས་ཀྱི་ཆོས་སོ། །འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་ཞེས་བྱ་བ་གནས་བརྟན་རབ་འབྱོར་ཅི་ལས་སེམས་པར་གྱུར་ཅེ་ན། ཆོས་ཐམས་ཅད་ལ་གནས་པར་མི་བྱའོ་ཞེས་བཤད་ཅིང་སྟོང་པ་ཉིད་ལ་ནི་གནས་པར་མི་ནུས་ལ་གནས་པར་མི་བྱའོ་ཞེས་ཀྱང་བཤད་ན་དེ་ཇི་ལྟར་རིགས་པར་འགྱུར་སྙམ་དུ་སེམས་པར་གྱུར་ཏོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-22019#UT23703-093-001-22019