Degé Tengyur volume 93, F.166.a

མངོན་པར་གྲུབ་པའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་མངོན་པར་མ་གྲུབ་པས་མེད་པའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། གང་མངོན་པར་མ་གྲུབ་པ་དེ་རྣམ་པར་ཤེས་པའི་བར་དུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །​ཚིག་བཅུ་པ་ལ། མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ལ་མངོན་པར་མ་གྲུབ་པ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ། སྟོང་པ་ཉིད་ལ་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་བཞིན་ཉིད་ལ་བྱའོ། །​དེ་བས་ན་མངོན་པར་མ་གྲུབ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་ཐ་དད་པ་མེད་དོ། །​དེའི་ཕྱིར་ཅི་མ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་བྱང་ཆུབ་སེམས་དཔའ་མངོན་པར་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་གདམས་པར་བགྱི་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཇི་ལྟར་གདམས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །​ཚིག་བཅུ་གཅིག་པ་ལ། མངོན་པར་མ་གྲུབ་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །​མངོན་པར་མ་གྲུབ་པ་དང་། གཟུགས་ལ་གཉིས་སུ་མེད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཚིག་བཅུ་གཉིས་པ་ལ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པ་དང་མཚུངས་པར་སོ་སོར་བརྟགས་ན་གང་ལ་བྱིང་བ་འམ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།​། །​།བམ་པོ་བཅུ་བདུན་པ། དེ་ལྟར་རེ་ཞིག་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་བསྟན་ནས། དེའི་འོག་ཏུ་ཡིད་ལ་བྱེད་པ་དེ་དག་གི་འབྲས་བུ་སྟོན་ཏེ། དེའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་འཛིན་ཅིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ། འདོགས་པར་མི་བགྱིད་དོ་ཞེས་བྱ་བ་ནི་འཛིན་པའི་རིགས་པ་བསྟན་པའི་ཕྱིར་ཚིག་ལྔ་སྨོས་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-21997#UT23703-093-001-21997