Degé Tengyur volume 93, F.131.b

དམིགས་པའོ། །​བཏང་སྙོམས་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་དོན་སྤྱད་པ་དག་ལ་སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་ལ་དམིགས་པ་དང་། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ལ་མཉམ་པ་ཉིད་དུ་དམིགས་པ་དང་། ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། །​དེ་ལ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བས་ནི་ཡོན་ཏན་ཅན་བསྟན་ཏོ། །​ཡངས་པ་ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་ཉིད་བསྟན་པའོ། །​ཡོན་ཏན་ཅན་ཡང་རྣམ་པ་གསུམ་སྟེ། ཆེ་བ་ཉིད་དང་། གཅིག་པའི་བདག་ཉིད་དང་། གནོད་པ་སྤོང་བའོ། །​ཆེ་བ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསམ་པ་དང་། འཕེལ་བ་དང་། དམིགས་པས་སོ། །​དེ་ལ་བསམ་པས་ཆེ་བ་ནི་ཡངས་པ་ཞེས་གསུངས་པའོ། །​འཕེལ་བས་ཆེ་བ་ནི་རྒྱ་ཆེན་པོར་གྱུར་པ་ཞེས་གསུངས་པའོ། །​དམིགས་པས་ཆེ་བ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་པ་ཞེས་གསུངས་པའོ། །​རྣམ་པར་མི་རྟོག་པ་དང་། བྱམས་པའི་རྣམ་པར་གཅིག་པའི་ཕྱིར་བདག་ཉིད་གཅིག་པ་ནི་མི་གཉིས་པ་ཞེས་གསུངས་པའོ། །​རྣམ་པར་འཚེ་བའི་གཉེན་པོར་གྱུར་པའི་ཕྱིར་ནང་གི་ཆོས་ལས་གྱུར་པའི་གནོད་པ་མེད་པ་ནི་ཁོན་མེད་པ་ཞེས་གསུངས་པའོ། །​ཕྱི་རོལ་གྱི་སེམས་ཅན་གྱིས་བྱས་པའི་གནོད་པ་མེད་པ་ནི་འགྲན་ཟླ་མེད་པ་ཞེས་གསུངས་པའོ། །​ཕྱི་རོལ་དང་འདུ་བྱེད་ལས་གྱུར་པའི་གནོད་པ་མེད་པ་ནི་གནོད་པ་མེད་པ་ཞེས་གསུངས་པ་སྟེ། འདོད་ཆགས་དང་། དུག་དང་། མེ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་རོ། །​བསམ་གཏན་བཞི་ཞེས་བྱ་བ་དེ་ལ། འདོད་པ་དག་ལས་དབེན་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དང་། དངོས་པོ་ལ་འདོད་པ་དག་ལས་དབེན་པ་སྟེ། མཚུངས་པར་ལྡན་པ་ལས་དབེན་པ་དང་། དམིགས་པ་ལས་དབེན་པའི་ཕྱིར་རོ། །​སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་གང་དག་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པར་གཏོགས་པ། ཆད་པས་གཅོད་པ་དང་། མཚོན་གྱིས་འདེབས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-21928#UT23703-093-001-21928