Degé Tengyur volume 93, F.129.a

ལ་སོགས་པ་ཡང་ཐུབ་དཀའ་བར་འགྱུར་རོ། །​སྟོབས་དེ་དག་གིས་རྣལ་འབྱོར་པ་དེ་སྟོབས་དང་ལྡན་པས་བདུད་ཀྱི་སྟོབས་ཐམས་ཅད་ལས་རྒྱལ་ནས་རབ་ཏུ་སྦྱོར་ཏེ། དེ་བས་ན་སྟོབས་རྣམས་ཞེས་བྱའོ། །​དད་པའི་དབང་པོ་ལ་སོགས་པ་ལྔ་པོ་དེ་དག་ཉིད་བསྒོམས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞིར་འགྱུར་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །​དེ་ལ་དྲོ་བར་གྱུར་པ་དང་། རྩེ་མོའི་གནས་སྐབས་ན་ནི་དབང་པོ་ཞེས་བྱའོ། །​བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནི་སྟོབས་རྣམས་ཞེས་བྱའོ། །​དེ་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བའི་ལྔ་པོ་རྣམས་ཤིན་ཏུ་ཡོངས་སུ་འཕེལ་ན་དེ་མ་ཐག་ཏུ་མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཡན་ལག་ཏུ་འགྱུར་བས། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་ཆོས་བདུན་འབྱུང་སྟེ། ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་། དགའ་བ་ཞེས་བྱ་བ་འདི་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །​ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །​དྲན་པ་ནི་གཉི་གའི་ཕྱོགས་སོ། །​དེས་ཀྱང་དེ་དག་ཐོབ་པས་བདག་གི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྤངས་པར་མཐོང་ཞིང་། བསྒོམས་པས་སྤང་བར་བྱ་བ་རྣམས་ནི་མ་སྤངས་པར་མཐོང་ནས་དེ་དག་སྤང་བའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕུང་པོ་གསུམ་བསྒོམ་མོ། །​དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །​ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །​ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །​ཡན་ལག་བརྒྱད་ཀྱིས་བསྡུས་པའི་ལམ་དེ་ཡང་འཕགས་པ་སློབ་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-21923#UT23703-093-001-21923