ཆུང་དགེ་དང་། ཚད་མེད་དགེ་དང་། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་དང་། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱའོ། །མི་ཆེ་བ་རྣམས་ཀྱི་ནི་བསྐལ་པ་སྟོང་ངོ་། །མི་གདུང་བ་རྣམས་ཀྱི་ནི་བསྐལ་པ་ཉིས་སྟོང་ངོ་། །གྱ་ནོམ་སྣང་བ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད་དེ། ཚིག་ཐམས་ཅད་ལ་ཡང་སྦྱར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་ཆིག་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་ཉིས་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སུམ་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚེའི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ། །ཉིན་ཞག་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི་ལོ་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ།