ཉིན་མཚན་བག་ཡོད་བྱ་ཕྱིར་ང་ཡིས་ནི། །མི་ཉལ་དམ་པ་བསྔགས་པ་བརྗོད་བྱས་ཏེ། །བསྐལ་པ་བརྒྱ་སྙེད་བརྩོན་འགྲུས་བསྐྱེད་བྱས་ཀྱང་། །འཕེལ་བར་མི་འགྱུར་ཟད་པ་ཡོད་མ་ཡིན། །བསམ་གཏན་རྣམ་ཐར་ཏིང་འཛིན་གྱ་ནོམ་པའི། །ཇི་བཞིན་སྒོ་དག་འགྲོ་ལ་བསྟན་བྱས་ཏེ། །འདི་ལ་ཆོས་འགའ་འང་ཟད་པ་ཡོད་མིན་ཡང་། །དེ་དག་ཆ་ཤས་ཕྱེ་སྟེ་རབ་ཏུ་བསྟན། །ཤེས་རབ་ཆོས་རྣམས་ཤེས་པར་གྱིས་ཤིག་ཅེས། །ཤེས་རབ་ལྷག་མཐོང་བློ་གྲོས་ངས་བསྟན་ཀྱང་། །རང་བཞིན་རང་བཞིན་མེད་པ་ནམ་དུ་ཡང་། །ཤེས་པར་མི་ནུས་དེ་ཡང་ངེས་པར་བསྟན། །རབ་དབེན་ཆོག་ཤེས་སྦྱངས་ལ་དགའ་གྱིས་ཤེས། །དཀའ་ཐུབ་ངན་པ་འཇིག་རྟེན་ངས་བཤད་ཀྱང་། །ཆོས་ཤེས་ཡོངས་སུ་མི་འཐོབ་གང་ཡིན་པ། །ཆོས་དེ་འདི་ན་དམིགས་སུ་ཡོད་མ་ཡིན། །སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་དྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་གཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་མིན་ཏེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །འགྲོ་དོན་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅེས། །སྤྱོད་མཆོག་ཁྱད་པར་འཕགས་པ་བསྟན་བྱས་ཀྱང་། །བྱང་ཆུབ་ནམ་ཡང་དམིགས་སུ་ཡོད་མིན་ཏེ། །འདོད་པ་གང་ཡིན་དེ་ཡང་ཡོད་མ་ཡིན། །སེམས་ནི་རང་བཞིན་འོད་གསལ་རྣམ་དག་ཅིང་། །རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། །བྱིས་པ་ཡོད་པ་མིན་ལ་རྣམ་རྟོག་པ། །ཆགས་འགྱུར་སྡང་བར་འགྱུར་ཞིང་རྨོངས་པར་འགྱུར།