།བདག་གིས་སེམས་ཅན་ཐམས་ཅད་འགྲོན་དུ་གཉེར། །བདུད་རྩི་བདེ་བས་ཡང་དག་ཚིམ་པར་བགྱི། །གཉིད་ཀྱིས་རབ་ལོག་སེམས་ཅན་ཤེས་རབ་ཀྱི། །མཐུ་དང་སྒྲུབ་པས་རྣམ་པར་སད་པར་བགྱི། །རྣམ་པར་འཕྲུལ་པ་འདི་འདྲ་མཐོང་གྱུར་ཅིང་། །བདེ་བར་གཤེགས་བཀའ་ཡིད་འོང་ཡེ་ཤེས་དང་། །ཆགས་པ་མེད་པའི་སྤྱོད་མཆོག་ཐོས་ནས་ནི། །སུ་ཞིག་དག་པའི་རྒྱུ་སེམས་བསྐྱེད་མི་བགྱིད། །བྱང་ཆུབ་སེམས་མཁས་ཇི་ལྟར་སྤྱོད་པ་ཡི། །བྱང་ཆུབ་ལམ་ནི་བདག་ལ་བཤད་དུ་གསོལ། །གང་ལ་ཉན་ཐོས་རྣམས་ཀྱིས་མི་དཔོགས་པའི། །དེ་དག་རྣམས་ཀྱི་སྤྱོད་པ་ཇི་ལྟ་བུ། །ཆོ་ག་སྤྱོད་པའི་ཡོན་ཏན་ཇི་ལྟ་བུ། །མཉན་པར་འདོད་ལ་གུས་པ་ཇི་ལྟ་བུ། །ངེས་པ་རྣམས་ཀྱི་སྤྱོད་ལམ་ཅི་འདྲ་བ། །བདག་ལ་ཐེ་ཚོམ་མ་མཆིས་དེ་བཞིན་གསུངས། །ཇི་ལྟར་ཐོས་པ་ཚོལ་ལ་གོམས་པ་ལགས། །ཐོས་པ་སྙིང་པོར་བགྱིད་པའི་དང་པོ་གང་། །གཞན་ལ་གསལ་བར་སྟོན་པ་ཇི་ལྟ་བུ། །སྲོག་ཆགས་ཐམས་ཅད་ཇི་ལྟར་ཆོས་ལ་དད། །ཇི་ལྟར་འདི་དག་ཤེས་ཀྱི་ཁེ་མི་ཚོལ། །ཟང་ཟིང་མེད་པའི་སེམས་ལ་ཇི་ལྟར་གནས། །བྱས་པ་ཤེས་ཤིང་རབ་ཏུ་ཕན་འདོགས་དང་། །སེམས་ཅན་མི་ཕྱེད་གནས་པར་ཇི་ལྟར་འགྱུར། །གྲོགས་པོ་གང་དག་བསྟེན་བགྱི་ཇི་ལྟ་བུ། །སྡིག་པའི་གྲོགས་རྣམས་ཇི་ལྟར་རྣམ་པར་སྤོང་། །ཇི་ལྟར་སངས་རྒྱས་རྣམས་དང་ཕྲད་པར་འགྱུར། །དེ་དག་མཐོང་ནས་ཇི་ལྟར་མཆོད་པར་བགྱི། །ཇི་ལྟར་བསླབ་པ་དག་ལ་གུས་པ་ལགས། །དེ་ཡི་བསླབ་པ་བཅའ་བ་གང་ཞིག་ལགས། །ཚུལ་ཁྲིམས་ཇི་ལྟར་རྣམ་པར་དག་པར་འགྱུར། །ཏིང་འཛིན་རྣམ་པར་དག་པ་ཇི་ལྟར་འཐོབ། །ཇི་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་བ་ལགས། །ཚུལ་བཞིན་མ་ལགས་ཇི་ལྟར་སྤོང་བ་ལགས། །ཇི་ལྟར་ཤིན་ཏུ་ངེས་པར་བསམས་ཡིད་དང་། །ཉོན་མོངས་བདུད་ཀྱི་འཆིང་བས་མི་ཐུབ་ལགས། །ཇི་ལྟར་དད་ལྡན་དོན་ནི་སེམས་བགྱིད་ཅིང་། །སེམས་ཀྱིས་སེམས་ཅན་རྣམས་ནི་མི་གཏོང་ལགས། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་བགྱིད་ཅིང་། །ནོར་མཆོག་འཛིན་པ་མེད་ལ་དཔའ་བ་ལགས། །ཇི་ལྟར་སེམས་ཅན་སྤྱོད་ལ་འཇུག་པ་དང་། །ཐབས་དང་བྱམས་པའི་སྙིང་རྗེ་གནས་པ་ལགས།