།མི་འཇིགས་པ་ལ་རབ་གནས་ནས། །སེམས་ཅན་དོན་རྣམས་བགྱིད་པར་ཤོག །སུམ་ཅུ་རྩ་གཉིས་མཚན་རྣམས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །འཇིག་རྟེན་མགོན་པོ་འོད་བྱེད་པ། །འཇིག་རྟེན་སྣང་བ་བྱེད་པར་ཤོག །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །སྙན་པའི་ཆོས་ནི་རབ་སྟོན་ཅིང་། །རྣམ་པ་བཅུ་གཉིས་དམ་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །རྒྱལ་བ་ཇི་ལྟ་དེ་བཞིན་དུ། །ཆོ་འཕྲུལ་རྣམས་ནི་རབ་སྟོན་ཅིང་། །སྲོག་ཆགས་བྱེ་བ་དུ་མ་ཡི། །སེམས་ཅན་རྣམས་ཀྱི་དོན་བགྱིད་ཤོག །དཔའ་ཆེན་གང་རྣམས་མ་བྱོན་པ། །འཇིག་རྟེན་མགོན་པོ་འོད་མཛད་ལྟར། །བྱང་ཆུབ་དམ་པ་རབ་རྟོགས་ནས། །ལམ་དེ་རབ་ཏུ་སྟོན་པར་ཤོག །སེམས་ཅན་ལྡོངས་པ་ཀུན་གྱི་ཕྱིར། །མིག་དང་ལྡན་པ་ཉིད་གྱུར་ཏེ། །གནས་དང་རྟེན་དང་སྐྱབས་དག་དང་། །དེ་བཞིན་དཔུང་གཉེན་འགྱུར་བར་ཤོག །ཇི་ལྟར་འདྲེན་པ་གྲོལ་མཛད་བཞིན། །འགྲོ་བ་ལྔར་ནི་སྐྱེས་པ་ཡི། །སྲོག་ཆགས་རྣམས་ཀྱི་མགོན་དུ་ཤོག །བདག་གིས་སྡུག་བསྔལ་ཀུན་ལས་དགྲོལ། །འཇིག་རྟེན་ན་ནི་མཚུངས་པ་ཡོད་མེད་པ། །ལྷ་དབང་ལྷ་མ་ཡིན་དང་ཀླུས་མཆོད་པ། །གཟི་བརྗིད་དག་ནི་མཐའ་ཡས་འོད་མཛད་པ། །རྐང་གཉིས་མཆོག་ལ་བདག་གིས་མཆོད་པ་བགྱིས། །བདག་ནི་ལས་མཆོག་དམ་པ་འདི་དག་གིས། །མི་དབང་ས་སྟེང་མཆོག་ཏུ་གྱུར་པ་བཞིན། །བསོད་ནམས་རབ་མཆོག་སུམ་ཅུ་གཉིས་མཚན་ལྡན། །ཆོས་ཀྱི་བདག་པོ་དེ་དང་འདྲ་བར་ཤོག །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོ་ལ་ཚིགས་སུ་བཅད་པ་དག་གིས་གསུངས་པ། ཆོས་ཀྱི་དམ་པ་རྣམས་ཀྱི་ཕྱིར། །སྟོན་པའི་རིམ་གྲོ་གང་བྱེད་པ། །སེམས་ཅན་རྣམས་ཀྱི་མཆོག་ཡིན་ཏེ། །དེ་དག་བྱང་ཆུབ་རྙེད་མི་དཀའ། །འཇིག་རྟེན་མགོན་པོ་འོད་མཛད་པ། །འཇིག་རྟེན་སྣང་མཛད་མཆོག་ལ་ནི། །ལྷ་དང་ཀླུ་དང་མི་རྣམས་ཀྱིས། །མཆོད་པ་བྱ་བར་འོས་པར་འགྱུར། །བྱང་ཆུབ་མཆོག་ཏུ་སངས་རྒྱས་ནས། །ཤིང་མཆོག་དྲུང་དུ་རབ་འདུག་སྟེ། །སྡིག་ཅན་བདུད་ལས་རྒྱལ་ནས་སུ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ།