ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང་། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་ཡང་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན་ཡོན་ཏན་གྱི་ཕན་ཡོན་འདི་སྙེད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །མཁས་པ་དེ་དག་ཤེས་རབ་མཐའ་ཡས་འགྱུར། །ཆོས་དང་དོན་རྣམས་ལ་ཡང་མཁས་པར་འགྱུར། །ཚིག་ཀྱང་ཁྱད་པར་འཕགས་ཤིང་ཡི་གེ་རྫོགས། །གང་ཞིག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །དེ་ནི་རབ་དགའ་ཤིན་ཏུ་མགུ་སྐྱེས་ནས། །དགེ་སློང་དེ་ནི་འདིར་ཡང་ཆོས་འཆད་དེ། །རྟག་ཏུ་ཆོས་ཀྱི་སྦྱིན་པ་བྱེད་པར་འགྱུར། །སེམས་ཅན་རྣམས་ནི་མང་དུ་ཆོས་ཐོས་ནས། །ཀྱེ་མའོ་ཡོན་ཏན་ཆེན་པོ་འཆད་བྱེད་པ། །ནམ་ཞིག་བདག་ཅག་འདི་འདྲའི་ཆོས་སྟོན་ཅིང་། །མདོ་སྡེ་འདི་འདྲ་འཛིན་པར་འགྱུར་ཞེས་ཟེར། །གང་དག་དེ་འདྲ་ཤེས་རབ་ལྡན་མཆོག་རྣམས། །ཆོས་རྣམས་གང་ལའང་ཞུམ་པར་མི་འགྱུར་ཏེ། །དྲན་དང་ཡེ་ཤེས་ཀྱིས་ནི་འཕགས་པ་དང་། །བླ་ན་མེད་པའི་ཡེ་ཤེས་ཚིག་སྟོན་འགྱུར། །གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །དེ་ནི་འཕགས་པས་རྟག་བསྔགས་རྒྱལ་བས་གནང་། །ཆོས་ཚིག་ལེགས་པར་བཤད་པ་ཚོལ་བར་བྱེད། །དེ་ནི་ཐོས་པས་རྟག་ཏུ་འཕགས་པར་འགྱུར། །ཐོས་ནས་དོན་ནི་ཉེ་བར་འཛིན་པར་བྱེད། །ཤེས་རབ་ལྡན་པ་འབྲུལ་མི་སྙེམས་ཏེ། །དོན་ལ་ལྟ་བས་རྟོགས་པ་འཕེལ་བར་འགྱུར། །དེ་ཡི་ཡེ་ཤེས་རྟག་ཏུ་ཚད་མེད་དོ། །ཡེ་ཤེས་མཐའ་ཡས་དོན་ཀྱང་མཐའ་ཡས་ཏེ། །སེམས་དཔའ་མཐའ་ཡས་དམ་པའི་དོན་ལ་མཁས། །དེ་ཡི་ཡོན་ཏན་ཕྱོགས་དང་ཕྱོགས་སུ་འགྲོ །དེ་ཡི་ཐོས་པའི་ཡོན་ཏན་འདི་དག་གོ །དེ་ཡི་འདོད་ཆགས་ཆུང་ལ་ཞེ་སྡང་ཆུང་། །དེ་ཡི་གཏི་མུག་ཤིན་ཏུ་རབ་ཏུ་ཆུང་། །སེམས་ཀྱང་ཤིན་ཏུ་དགའ་བ་རྙེད་པར་འགྱུར། །དེ་ཡི་ཐོས་པའི་ཡོན་ཏན་འདི་དག་གོ །ལོངས་སྤྱོད་རྙེད་ནས་རྒྱགས་པར་མི་འགྱུར་ཏེ། །འདི་ལ་སྙིང་པོ་ཅི་ཞེས་དོན་ལ་རྟོག ། ལོངས་སྤྱོད་སྙིང་པོ་མེད་པར་རབ་ཤེས་ནས། །དེ་ནི་ལོངས་སྤྱོད་མི་ལྟ་རབ་ཏུ་འབྱུང་།