Degé Kangyur volume 41, F.170.b

རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་ལ་སྤོབས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བདེན་པ་ལ་འཇུག་པ་ཐམས་ཅད་ཤེས་པའི་སྤོབས་པ། ཐེག་པ་ཐམས་ཅད་ལ་སྤོབས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་སྤོབས་པ། ཚིག་མི་ལྐུག་པའི་སྤོབས་པ། ཚིག་མི་རྩུབ་པའི་སྤོབས་པ། ཚིག་མི་འཆལ་བའི་སྤོབས་པ། ཚིག་རྩུབ་མོ་མ་ཡིན་པའི་སྤོབས་པ། ཚིག་མཉེན་པའི་སྤོབས་པ། ཚིག་དག་པ། ཚིག་གྲོལ་བ། ཚིག་མ་ཆགས་པ། ཚིག་བཙུན་པ། ཚིག་འབྲེལ་པ། ཚིག་ལྡན་པ། ཚིག་མ་ཉམས་པ། ཚིག་སྙན་པ། ཚིག་འཇམ་པ། ཚིག་མ་སྨད་པ། ཚིག་འཕགས་པ་ཐམས་ཅད་ཀྱིས་བསྟོད་པ་སྟེ། ཞིང་མཐའ་ཡས་པའི་རྣམ་པར་ཤེས་པའི་རྗེས་སུ་སོང་བའི་སྒྲ། ཚངས་པའི་སྒྲ་སྐད་ཀྱི་དབྱངས་དང་འདྲ་བར་རྟོག་པར་བྱེད་པའི་སྒྲ་གཅིག་པ། སངས་རྒྱས་ཀྱིས་གནང་བའི་སྤོབས་པས་སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་ཆོས་སྟོན་ཏོ། །​དེའི་ཆོས་བསྟན་པ་དེ་ཡང་འབྱུང་བར་བྱེད་པ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །​དེ་ནི་བྱང་ཆུབ་སེམས་དཔའི་སྤོ་བས་པ་ལ་མཁས་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤོབས་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།​། །​།བམ་པོ་བཅྭ་བརྒྱད་པ། དེ་ལ་བྱང་ཆུབ་སེམས་དཔའི་རྟོན་པ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་འདི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་རྣམས་ལ་རྟོན་གྱི་དྲང་བའི་དོན་རྣམས་ལ་མ་ཡིན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མ་ཡིན་པའོ། །​དེ་ལ་དོན་གང་། ཚིག་འབྲུ་ནི་གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི་གང་འཇིག་རྟེན་གྱི་ཆོས་ཀྱི་བྱ་བ་ལ་འཇུག་པའོ། །​དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3142#UT22084-040-007-3142