།ཁྲིམས་ལྡན་ཚངས་པར་སྤྱོད་ལ་སྨོས་ཅི་དགོས། །དྲང་སྲོང་དེས་པའི་རྗེས་སུ་སློབ་པ་དག །རྣམ་པར་གྲོལ་བ་ཞི་བ་འདི་ཚོལ་ཞིང་། །ལུས་དང་སྲོག་རྣམས་ལ་ཡང་མི་ལྟ་བར། །རྟག་ཏུ་དབེན་པ་དགོན་པར་གནས་པར་བྱ། །གནོད་པའི་རྩ་བ་གཅེར་བུའི་གསང་ཚིག་དང་། །འཇིག་རྟེན་རྒྱང་པན་གསང་ཚིག་རྣམས་སྤོངས་ལ། །སྟོང་པ་ཉིད་དང་ལྡན་པར་གང་གསུངས་པ། །ཟབ་མོའི་ཆོས་ལ་དགའ་བ་བསྐྱེད་པར་བྱོས། །ནང་དང་ཕྱི་རོལ་དག་གི་སྐྱེ་མཆེད་ནི། །བཅུ་གཉིས་པོ་སྟེ་སེམས་ཀྱི་རྩ་བར་བཤད། །དེ་དག་ཀུན་ཀྱང་ལས་ཀྱི་རྒྱུ་ལས་བྱུང་ངོ་། །ལས་ཀྱང་ཡུན་རིང་སེམས་པས་བཞག་པའོ། །མིག་དང་གཟུགས་གཉིས་ལ་ནི་བརྟེན་བྱས་ནས། །རྐྱེན་རྣམས་ལས་ཀྱང་རྣམ་པར་ཤེས་པ་སྐྱེ། །འདུ་བ་མ་ཚང་བས་ནི་ནུབ་གྱུར་ཏེ། །ཇི་ལྟར་ཤིང་མེད་མེ་ནི་མི་འབར་བཞིན། །དེ་ལྟར་ཆོས་འདི་ཐམས་ཅད་རབ་སྐྱེས་པ། །ཕན་ཚུན་འདུས་པ་ལས་ནི་འབྱུང་བར་འགྱུར། །བྱེད་པ་པོ་དང་ཚོར་བ་མི་དམིགས་ཏེ། །བྱ་བ་དག་ནི་སྒྱུ་མ་ལྟ་བུར་སྣང་། །ངས་ནི་ནང་དང་ཕྱི་རོལ་ཆོས་རྣམས་ཀུན། །སྟོང་པ་ཉིད་དེ་སྒྱུ་མ་འདྲ་བར་མཁྱེན། །བྱིས་པ་མི་ཤེས་ལོག་པར་འཛིན་པ་དག །ང་དང་ང་ཡི་ཞེས་ཀྱང་རྣམ་པར་རྟོག །མིག་ནི་ནང་ན་ཅུང་ཟད་ཡོད་མ་ཡིན། །ཕྱི་རོལ་གང་དུའང་སེམས་ཅན་མི་དམིགས་ཏེ། །མིག་ནི་བདག་མེད་བྱེད་མེད་སྲོག་མེད་དེ། །ཆོས་རྣམས་ཀུན་ཀྱང་དེ་ལྟར་ཤེས་པར་བྱོས། །མིག་ནི་སེམས་ཤིང་གྲོལ་བར་འདོད་མ་ཡིན། །དེ་བཞིན་རྣ་བ་དང་ནི་སྣ་དང་ལྕེ། །ལུས་དང་ཡིད་དང་གཟུགས་ཀྱང་བྱེད་མེད་དེ། །ཆོས་རྣམས་ཐམས་ཅད་དེ་དང་འདྲ་བར་ལྟོས། །ཇི་ལྟར་རྒྱ་མཚོ་དག་གི་ཆུ་ལས་ནི། །དབུ་བ་རྡོས་པ་ཆེན་པོ་མང་བྱུང་བ། །དེ་ལ་མིག་ལྡན་ཚུལ་བཞིན་ངེས་བརྟགས་ན། །དབུ་བ་རྡོས་པ་ཉམ་ཆུང་སྙིང་པོ་མེད། །དེ་བཞིན་ཕུང་པོ་ལྔ་ཡི་ངོ་བོ་ཉིད། །དབུ་བ་ལྟ་བུར་ཉམ་ཆུང་གང་ཤེས་པ། །གཙེ་བ་ཐམས་ཅད་དང་ནི་སྐྱེ་བ་དང་། །རྒ་དང་མྱ་ངན་གཙེ་ལས་གྲོལ་བར་འགྱུར། །གང་དག་ང་ཡི་བསྟན་ལ་རབ་བྱུང་ནས། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པ་དེ། །ཡུལ་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ། །དེ་ནི་ཕྱོགས་བཅུའི་སངས་རྒྱས་མཆོད་པར་བྱེད།