།དེ་ཕྱིར་བྱང་ཆུབ་སངས་རྒྱས་ནས། །རྒྱལ་བ་སཱ་ལའི་དབང་པོར་གྱུར། །བྱེ་བ་སྟོང་ཕྲག་སུམ་ཅུ་རྣམས། །བྱང་ཆུབ་མཆོག་ལ་རབ་ཏུ་བཀོད། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་སངས་རྒྱས་ནས། །བསྐལ་པ་བྱེ་བ་ཉི་ཤུར་ནི། །སྲོག་ཆགས་རྣམས་ལ་ཆོས་བསྟན་ཏོ། །སྟོང་ཕྲག་དག་ནི་བཞི་བཅུ་དང་། །གཞན་ཡང་བྱེ་བ་ཉི་ཤུ་རྙེད། །ཐམས་ཅད་ཟག་ཟད་དྲང་སྲོང་གི། །དགེ་འདུན་དེ་ཚེ་དེ་སྙེད་བྱུང་། །སྟོན་པ་མྱ་ངན་འདས་ནས་ཀྱང་། །རིང་བསྲེལ་ཤིན་ཏུ་རྒྱས་པར་གྱུར། །མཆོད་རྟེན་སྟོང་ཕྲག་དྲུག་ཅུ་དང་། །བྱེ་བ་དག་ཀྱང་དེར་བྱུང་ངོ་། །མྱ་ངན་འདས་ནས་དམ་པའི་ཆོས། །ལོ་ནི་སྟོང་ཕྲག་བཅུར་གནས་ཏེ། །རྒྱལ་བའི་བསྟན་པ་ཐོས་ནས་ནི། །སུ་ཞིག་དེ་ལ་དད་མི་བྱེད། །སངས་རྒྱས་ཀྱི་ནི་ཆོས་ཐོས་ནས། །མཁས་པ་སུ་དག་ནེམ་ནུར་མེད། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མྱུར་དུ་མྱ་ངན་འདས་ལ་རེག །ཤ་རིའི་བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་མ་དང་ཕར་འདུ་ཤེས་སྐྱེད་དེ། འདོད་ཆགས་ཀྱི་སེམས་སྐྱེས་པ་ནི་མར་འདུ་ཤེས་པས་སྤོང་ངོ་། ཞེ་སྡང་གི་སེམས་སྐྱེས་པ་ནི་ཕར་འདུ་ཤེས་པས་སྤོང་ངོ་།། །།བམ་པོ་བཅུ་གཅིག་པ། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་མི་འཐུན་པ་མང་དུ་གནས་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པས་འདོད་པ་ལ་ཡང་དག་པར་མི་འཐུན་པ་སྐྱེད་དོ། །དེ་འདོད་པ་དང་། འདོད་པའི་མི་འཐུན་པ་ཡང་རབ་ཏུ་ཤེས་སོ། །དེ་ལ་འདོད་པ་གང་། འདོད་པའི་མི་འཐུན་པ་གང་ཞེ་ན། འདོད་པ་ཞེས་བྱ་བ་ནི་གང་མིག་གིས་ཤེས་པར་བྱ་བའི་གཟུགས་ལ་མངོན་པར་ཆགས་པ་དེ་ནི་འདོད་པ་ཞེས་བྱའོ། །གཞན་ཡང་འདོད་པ་ཞེས་བྱ་བ་ནི་གང་རྣ་བས་ཤེས་པར་བྱ་བའི་སྒྲ་ལ་མངོན་པར་ཆགས་པའོ། །དེ་བཞིན་དུ་སྦྱར་ཏེ། གང་སྣས་ཤེས་པར་བྱ་བའི་དྲི་དང་། ལྕེས་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་ལ་མངོན་པར་ཆགས་པ་དེ་ནི་འདོད་པ་ཞེས་བྱའོ། །དེ་ལ་གང་མངོན་པར་ཆགས་པ་དེ་ནི་ལྷག་པར་ཞེན་པའོ།