ཤཱ་རིའི་བུ་སེམས་བསྐྱེད་པ་ལྔ་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྡིག་པའི་གྲོགས་པོ་བསྙེན་པ་དང་། །སྡིག་པའི་སེམས་ཀྱིས་བསླུས་པས་ན། །སྡིག་པར་ལྟ་ལ་བསྟེན་གྱུར་ཏེ། །བདག་གིས་སྡིག་པའི་ལས་བྱས་སོ། །རྒྱ་མཚོ་ཡི་ནི་ཚུ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཟས་དང་སྐོམ་གྱིས་ཚིམ་བྱས་ཀྱང་། །བསོད་ནམས་དག་གི་འབྱུང་གནས་མེད། །རྒྱ་མཚོ་ཡི་ནི་ཕ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཐམས་ཅད་བསད་ཅིང་བཅོམ་གྱུར་ཀྱང་། །སྡིག་པའི་འབྱུང་གནས་མེད་དོ་ཞེས། །སྡིག་པར་ལྟ་བ་འདི་ལྟ་བུ། །ཡང་དང་ཡང་དུ་བསྟེན་པས་ན། །གཅིག་ཏུ་མི་བཟད་མ་རུངས་པའི། །སེམས་ཅན་དམྱལ་བར་རིང་དུ་དེངས། །རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི། །ཡོངས་སུ་འདྲེན་པ་མ་མཐོང་བས། །བདག་གི་ལུས་ནི་སྟོང་རྣམས་ཀྱང་། །ངན་འགྲོ་དག་ནི་གསུམ་དུ་དེངས། །འདི་ནི་འཇིག་རྟེན་དགེ་བ་སྟེ། །དེ་ཡི་སྒྲ་ནི་ཐོས་གྱུར་ནས། །བདག་གིས་མི་ཡི་དངོས་ཐོབ་ཀྱིས། །བཟང་པོ་ཡི་ནི་ལས་བྱའོ། །མིར་འགྱུར་བ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པའང་དཀའ་བ་ཡིན། །དམ་པའི་ཆོས་ཐོས་དཀའ་བ་སྟེ། །སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །བདག་གིས་མིར་སྐྱེ་དཀའ་བ་ཡི། །ཚེ་ཐོབ་པ་ནི་གཡོ་ཞིང་འགྱུར། །བདག་གིས་སངས་རྒྱས་འབྱུང་བ་དང་། །རྒྱལ་བ་ཀུན་མཁྱེན་བསྟན་པ་རྙེད། །ལུས་ཀྱི་ལས་དང་ངག་གི་ལས། །ཡིད་ཀྱི་ལས་ཀྱང་སྡིག་པ་ཅན། །མི་འདོད་མི་ཟད་འབྲས་བུར་འགྱུར། །ཕྱིན་ཅད་སྤྱད་པར་མི་བྱའོ། །བསམ་པ་རྣམ་པར་དག་པ་ཡི། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །འཇིག་རྟེན་རབ་ཏུ་དཀའ་སྤྱོད་པ། །བཟང་པོ་དག་གི་ལས་བྱའོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །བདག་གི་བླ་མར་གང་གྲགས་པའི། །བཀའ་ལས་འདའ་བར་མི་བྱ་སྟེ། །བསྙེན་བཀུར་དག་ནི་རབ་ཏུ་བྱ། །ལམ་ནི་དྲང་པོ་ཞེས་བྱ་བ། །གཡོ་མེད་པས་ནི་རབ་བསྟན་ཏེ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སྒྱུ་མར་འགྱུར་བར་མི་བྱའོ།