དགེ་བའི་ཆོས་ལ་འདུན་པའོ། །དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་བྱམས་པ་ལ་འདུན་པ་ཉམས་པ་མེད་དོ། །སྙིང་རྗེ་ཆེན་པོ་ལ་འདུན་པ་ཉམས་པ་མེད་དོ། །ཆོས་སྟོན་པ་ལ་འདུན་པ་ཉམས་པ་མེད་དོ། །སེམས་ཅན་འདུལ་བ་ལ་འདུན་པ་ཉམས་པ་མེད་དོ། །རབ་ཏུ་དབེན་པ་ལ་འདུན་པ་ཉམས་པ་མེད་དོ། །བྱང་ཆུབ་སེམས་དཔར་ཡང་དག་པར་འཛུད་པ་ལ་འདུན་པ་ཉམས་པ་མེད་དོ། །དཀོན་མཆོག་གསུམ་རྒྱུན་མི་གཅོད་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པ་ནི་འདུན་པས་འགྲོ་བ་མ་ཡིན་གྱི། ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་འདུན་པའོ། །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཐམས་ཅད་མཁྱེན་པར་འདུན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བདུན་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཉམས་པ་མེད་དོ། །དེ་ལ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ནི་འདི་ལྟ་སྟེ། འདུལ་བའི་སེམས་ཅན་ཡལ་བར་མི་འདོར་བའི་བརྩོན་འགྲུས་དང་། ཆོས་ཉན་པ་ལ་བརྙས་པ་མེད་པའི་བརྩོན་འགྲུས་སོ། །གལ་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་སྣོད་ཆོས་ཉན་པ་གང་བསྐལ་པར་ཉན་ཀྱང་སྐྱོ་བར་མི་འགྱུར་བ་དེ་ལྟ་བུ་བརྙེས་ན། དེ་བཞིན་གཤེགས་པ་ཡང་ཆོས་སྟོན་ཅིང་ཞལ་ཟས་དང་བྲལ་བའི་རྒྱུད་ཀྱིས་བསྐལ་པར་ཡང་མི་བཞེངས་སོ། །དེ་བཞིན་གཤེགས་པ་སེམས་ཅན་ལ་ལྟ་བས་ཐ་ན་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་བཞུད་དེ། དེ་བཞིན་གཤེགས་པ་ལ་ལུས་ངལ་བའམ། ངག་ངལ་བའམ། སེམས་ངལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པའོ། །བརྩོན་འགྲུས་བརྩམས་པའོ། །བརྩོན་འགྲུས་ཀྱི་བསྔགས་པ་གསུང་བ་སྟེ། བརྩོན་འགྲུས་ཀྱིས་ཡང་དག་པར་རབ་ཏུ་སྦྱོར་བ་གང་གིས་སེམས་ཅན་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་བརྩོན་འགྲུས་དེ་སེམས་ཅན་རྣམས་ལ་བསྔགས་པར་མཛད་དེ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱད་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དྲན་པ་ཉམས་པ་མེད་ཅིང་དེ་བཞིན་གཤེགས་པའི་དྲན་པ་ནི་བསྙེལ་བ་མེད་དོ།