འདི་ལྟར་དེ་བཞིན་ཉིད་དུ་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་། དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་མེད་པ་དང་། དམིགས་པ་མེད་པའོ། །གང་གིས་མཚན་མ་མེད་པ་དང་། དམིགས་པ་མེད་པ་མཐོང་བ་དེས་ཡང་དག་པར་མཐོང་སྟེ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཟག་པ་མེད་པ་དང་། ལེན་པ་མེད་པ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ །ཤཱ་རིའི་བུ་བྱང་ཆུབ་ནི་དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པའོ། །དེ་ལ་དག་པ་གང་། དྲི་མ་མེད་པ་གང་། ཉོན་མོངས་པ་མེད་པ་གང་ཞེ་ན། སྟོང་པ་ཉིད་ནི་དག་པའོ། །མཚན་མ་མེད་པ་ནི་དྲི་མ་མེད་པའོ། །སྨོན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །སྐྱེ་བ་མེད་པ་ནི་དག་པའོ། །མངོན་པར་འདུ་མི་བྱེད་པ་ནི་དྲི་མ་མེད་པའོ། །ཉེ་བར་ལེན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །རང་བཞིན་ནི་དག་པའོ། །ཡོངས་སུ་དག་པ་ནི་དྲི་མ་མེད་པའོ། །འོད་གསལ་བ་ནི་ཉོན་མོངས་པ་མེད་པའོ། །སྤྲོས་པ་མེད་པ་ནི་དག་པའོ། །མ་སྤྲོས་པ་ནི་དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི་ཉོན་མོངས་པ་མེད་པའོ། །དེ་བཞིན་ཉིད་ནི་དག་པའོ། །ཆོས་ཀྱི་དབྱིངས་ནི་དྲི་མ་མེད་པའོ། །ཡང་དག་པའི་མཐའ་ནི་ཉོན་མོངས་པ་མེད་པའོ། །གོ་འབྱེད་པ་ནི་དག་པའོ། །ནམ་མཁའ་ནི་དྲི་མ་མེད་པའོ། །ནམ་མཁའ་ནི་ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་པ་ནི་དག་པའོ། །ཕྱི་རོལ་དུ་མི་རྒྱུག་པ་ནི་དྲི་མ་མེད་པའོ། །ཕྱི་དང་ནང་མི་དམིགས་པ་ནི་ཉོན་མོངས་པ་མེད་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི་དག་པའོ། །ཁམས་ཀྱི་རང་བཞིན་ནི་དྲི་མ་མེད་པའོ། །སྐྱེ་མཆེད་སྤོང་བ་ནི་ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་པ་ཤེས་པ་ནི་དག་པའོ། །མ་འོངས་པ་ལ་མི་སྐྱེ་བ་ཤེས་པ་ནི་དྲི་མ་མེད་པའོ། །ད་ལྟར་བྱུང་བ་ལ་ཆོས་ཀྱི་དབྱིངས་ལ་གནས་པའི་ཡེ་ཤེས་ནི་ཉོན་མོངས་པ་མེད་པ་སྟེ། དེ་ལྟར་དག་པ་དང་དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་གནས་གཅིག་ཏུ་འཇུག་པར་འགྱུར་བ་ནི་འདི་ལྟ་སྟེ། ཞི་བའི་གནས་སོ། །གང་ཞི་བ་དེ་ནི་རབ་ཏུ་ཞི་བ། དེ་ནི་ཉེ་བར་ཞི་བ་སྟེ། ཐུབ་པ་ཞེས་བྱའོ། །དེ་ལྟ་བས་ན་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ།