།གང་གིས་སེམས་ཅན་རྣམ་དག་འགྱུར། །དེ་ཡང་དཔའ་བོ་ཆེན་པོས་མཁྱེན། །མཁྱེན་ནས་གཏམ་རྣམས་སྟོན་པར་མཛད། །གང་དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་རབ་ཏུ་སྐྱེ་བར་འགྱུར། །སྲིད་པའི་ཡན་ལག་སྐྱེད་པ་ཡི། །ཐམས་ཅད་རྩ་བ་ཚུལ་བཞིན་མིན། །དེ་ཉིད་སངས་རྒྱས་རབ་མཁྱེན་ནས། །དེ་བཞིན་དུ་ཡང་སྟོན་པར་མཛད། །ལས་ཀྱི་རྩ་བ་ཉོན་མོངས་པ། །མི་མཁས་མངོན་པར་འདུ་བྱེད་དེ། །སྡུག་བསྔལ་འབྱུང་བར་འགྱུར་བའི་བར། །དེ་ཡི་རྐྱེན་ནི་རྣམ་པར་ཤེས། །གང་གིས་སེམས་ཅན་དག་འགྱུར་པ། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་འཐུན་སྒྲ་དང་། མང་དུ་ཚུལ་བཞིན་ལྟ་བའོ། །ཚུལ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་མཐོང་ཡང་ནི་རྐྱེན་ཡིན་ནོ། །སེམས་ཅན་གང་གིས་འགྲོར་འགྱུར་བ། །དེ་ཡང་འདྲེན་པས་རབ་ཏུ་མཁྱེན། །ཚུལ་ཁྲིམས་ལ་ནི་རྣལ་འབྱོར་གནས། །ཆོས་རྣམས་སྟོང་པར་རབ་ཏུ་རྟོག །ཐར་པའི་ལམ་ནི་བསྒོམས་པས་ན། །སྲིད་པ་དོག་ལས་ཐར་བར་འགྱུར། །དེ་དག་སངས་རྒྱས་རབ་མཁྱེན་ནས། །རྣམ་སྦྱོང་སྐྱེས་པ་བུད་མེད་ལ། །སྟོང་པ་ཉིད་དང་མཚན་མེད་དང་། །རྣམ་པར་ཐར་པ་རབ་ཏུ་སྟོན། །བསམ་གཏན་ལ་ནི་སྙོམས་ཞུགས་པ། །རང་རྒྱལ་དང་ནི་ཉན་ཐོས་རྣམས། །དེ་དག་རྣམས་ཀྱང་དོག་པར་བཤད། །དེ་ནི་འགྲན་ཟླ་ཡོད་པར་གསུངས། །སངས་རྒྱས་བསམ་གཏན་རྣམ་ཐར་ལ། །དགྲ་དང་བཅས་མེད་དོག་པ་མེད། །སངས་རྒྱས་ཀྱི་ནི་སྟོབས་བདུན་པ། །ཕ་རོལ་རྒོལ་བས་ཐུལ་བར་དཀའ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བདུན་པ་སྟེ་སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ་ནས་སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་ཀྱིས་བདག་དང་སེམས་ཅན་གཞན་རྣམས་དང་།