Degé Kangyur volume 90, F.88.a

ཟས་སུ་བཙས་པ་ཟ་བ་རྣམས་དང་། སྲོག་འཕྲོག་པ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་ཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་ཕྱི་ས་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་མཆིལ་མ་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་ཅིག །​རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བརྗོད་པར་བྱའོ། །​སྤོས་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་ཡང་སྦྱིན་ནོ། །​བདག་ལ་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་དང་། ཟས་སུ་མདངས་ཟ་བའི་གདོན་ཐམས་ཅད་ནི་དེངས་ཤིག །​ཞི་བའི་སེམས་དང་ལྡན་པ་རྣམས་དང་། བྱམས་པའི་སེམས་དང་ལྡན་པ་རྣམས་དང་། དགེ་བའི་སེམས་དང་ལྡན་པ་རྣམས་ནི་བདག་ལ་ཉོན་ཅིག །​སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པ་རྣམས་བདག་ལ་ཉོན་ཅིག །​འདི་ལྟ་སྟེ། ནག་མོ་བཞིན་སྒྱུར་མ། གྲུལ་བུམ་མ། དུང་ཅན་མ། མེ་ཏོག་ཀ་མ་ལ་ལྟ་བུའི་མིག་ཅན་མ། འཕྲོག་མ། སྐྲ་མདོག་ལྗང་གུ་མ། དཔལ་ལྡན་མ། སྤྲེའུ་ལྟར་དམར་སེར་མ། འཕྱང་མ། རབ་ཏུ་འཕྱང་མ། དུས་ཀྱི་ཞགས་པ་ཅན་མ། བུམ་ལྟོ་མ། གཤིན་རྗེའི་ཕོ་ཉ་མོ། གཤིན་རྗེའི་སྲིང་མོ། འབྱུང་པོ་ཟབ་མོ། མེ་ཏོག་དང་། བདུག་པ་དང་། དྲི་དང་། གཏོར་མ་འདི་དག་འབུལ་གྱིས་བཞེས་ཤིག །​འཇིགས་པ་དང་། གནོད་པ་ཐམས་ཅད་ལས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1748#UT22084-090-003-1748