།སེམས་ཅན་དེ་དག་རོལ་མོ་བསམས་པ་བཞིན། །སྒྲ་མཆོག་མང་པོ་མངོན་དུ་འབྱུང་བར་ཤོག །ཆུ་འདོད་གསེར་གྱི་མེ་ཏོག་སྟེང་འཕྱོ་བ། །རབ་བསིལ་རྫིང་བུ་མངོན་དུ་སྣང་བར་ཤོག །སེམས་ཅན་དེ་དག་ཇི་ལྟར་བསམས་པ་བཞིན། །བཟའ་བཏུང་གོས་དང་ཁྲི་དང་སྟན་རྣམས་དང་། །གསེར་དངུལ་དང་ནི་རིན་ཆེན་བཻ་ཌཱུརྱ། །རྒྱན་ཕྲེང་ཐམས་ཅད་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་མི་སྙན་ཐོས་པར་མི་འགྱུར་ཞིང་། །ཕན་ཚུན་མི་མཐུན་མཐོང་བར་མ་གྱུར་ཅིག །ལུས་ཀྱི་བྱད་བཞིན་ཐམས་ཅད་རབ་མཛེས་ཤིང་། །སོ་སོར་བྱམས་པའི་སེམས་ཀྱིས་བརྩེ་བགྱིད་ཤོག །འཇིག་རྟེན་བདེ་བའི་ཡོ་བྱད་ལོངས་སྤྱོད་རྣམས། །ཡིད་ལ་བསམས་ཚེ་ཐམས་ཅད་འབྱོར་པར་ཤོག །ནོར་རྣམས་རྙེད་པ་ཕོངས་པ་མ་མཆིས་པར། །བགོ་བཤའ་བགྱིས་ཏེ་སེམས་ཅན་གཏོང་བར་ཤོག །བདུག་སྤོས་ཕྱེ་མ་དང་ནི་བྱུག་སྤོས་དང་། །མེ་ཏོག་སྣ་ཚོགས་ཁ་དོག་གཅིག་མིན་པ། །ཉིན་རེ་དུས་གསུམ་ཤིང་ལས་ལྷུང་གྱུར་ནས། །ཡིད་བཞིན་ལོངས་སྤྱོད་དགའ་བསྐྱེད་པར་ཤོག །སེམས་ཅན་ཐམས་ཅད་ཕྱོགས་བཅུའི་རྒྱལ་གཙོ་དང་། །ཐེག་གསུམ་རྣམ་དག་གྱ་ནོམ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་དཔའ་དང་ནི་རང་རྒྱལ་དང་། །ཉན་ཐོས་དགེ་འདུན་མཆོད་པ་བགྱིད་པར་ཤོག །རྟག་ཏུ་མ་རབས་དག་ཏུ་མི་སྐྱེ་ཞིང་། །མི་ཁོམ་བརྒྱད་པོ་དག་ཏུ་མི་ལྟུང་དང་། །དལ་འབྱོར་མི་ཡི་གཙོ་བོར་སྐྱེས་གྱུར་ཏེ། །ཕྱོགས་བཅུའི་སངས་རྒྱས་རིམ་གྲོ་བགྱིད་པར་ཤོག །རྟག་པར་ཕྱུག་པོ་དག་གི་ཁྱིམ་སྐྱེས་ཏེ། །ནོར་དང་རིན་ཆེན་བང་མཛོད་རྒྱས་པ་དང་། །བྱེད་བཞིན་གྲགས་པ་དཔེ་ཟླ་མ་མཆིས་ཏེ། །ཚེ་རིང་བསྐལ་པ་གྲངས་མེད་གནས་པར་ཤོག །བུད་མེད་ཐམས་ཅད་ཀུན་ནི་ཕོར་གྱུར་ནས། །དཔའ་ཞིང་སེམས་རྣོ་བློ་གྲོས་ཤིན་ཏུ་ཆེ། །ཐམས་ཅད་བྱང་ཆུབ་སེམས་དཔའི་ལམ་སྤྱད་ནས། །ཕ་རོལ་ཕྱིན་དྲུག་སྒྲུབ་ལ་བརྩོན་པར་ཤོག །རྟག་པར་ཕྱོགས་བཅུའི་སངས་རྒྱས་ཚད་མེད་སྙེད། །རིན་ཆེན་ཤིང་རྒྱལ་དྲུང་དུ་གཤེགས་ནས་ནི། །བཻ་ཌཱུརྱ་ཡི་གདན་ལ་རབ་བཞུགས་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བར་ཤོག