།བདག་ནི་རྟག་ཏུ་བཅོམ་ལྡན་མཐོང་བར་མོས། །བདག་ནི་རྟག་ཏུ་གུས་སེམས་བསྐྱེད་པས་ན། །རྟག་པར་དེ་བཞིན་གཤེགས་པའི་གདུགས་དང་མཇལ། །བདག་ནི་རྟག་ཏུ་བཅོམ་ལྡན་ཕྱག་བགྱིས་ནས། །རྟག་པར་ཞལ་ལྟ་སེམས་ཀྱིས་མི་སྤོང་སྨོན། །རབ་ཏུ་གདུང་སེམས་བར་ཆད་མ་མཆིས་པར། །རྟག་པར་རིམ་གྲོ་བགྱིས་ཀྱང་སྐྱོ་མི་བགྱིད། །བཅོམ་ལྡན་ཐུགས་རྗེའི་ཐུགས་ནི་རབ་བསྐྱེད་ནས། །མདངས་ལྡན་ཞལ་ནི་བདག་གིས་རྟག་མཐོང་མཛོད། །བཅོམ་ལྡན་ཉན་ཐོས་དགེ་འདུན་རྣམ་དག་པས། །རྟག་པར་ལྷ་མི་དག་ནི་བསྒྲལ་བར་སྨོན། །སྐུ་ནི་རང་བཞིན་རྣམ་དག་ནམ་མཁའ་འདྲ། །སྒྱུ་མ་སྨིག་རྒྱུ་ཆབ་ཀྱི་ཟླ་བ་མཚུངས། །བདུད་རྩི་མྱ་ངན་འདས་པའི་ཆོས་བཤད་ནས། །ཡོན་ཏན་ཕུང་པོ་ཐམས་ཅད་སྐྱེད་པར་སྨོན། །བཅོམ་ལྡན་རྣམ་དག་སྤྱོད་ཡུལ་བྱམས་པ་དང་། །ཐུགས་རྗེ་ཡང་དག་སྤྱོད་ཡུལ་བསམ་མི་ཁྱབ། །ཉན་ཐོས་རང་རྒྱལ་གཞལ་བར་མི་འགྱུར་ཞིང་། །དྲང་སྲོང་བྱང་ཆུབ་སེམས་དཔས་དཔོག་མི་འགྱུར། །དེ་བཞིན་གཤེགས་པས་བདག་ལ་ཐུགས་བརྩེ་ནས། །ཐུགས་རྗེ་ཆེན་པོའི་སྐུ་ནི་རྟག་མཐོང་སྨོན། །ལས་གསུམ་ངལ་མེད་བྱམས་གཙོ་མཆོད་ནས་ནི། །མྱུར་དུ་ངེས་འབྱུང་ཡང་དག་མཐའ་ཕྱོགས་སྨོན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བསྔགས་པ་བརྗོད་པ་གསན་པ་དང་། །ཚངས་པའི་དབྱངས་ཀྱིས་ཤིང་གི་ལྷ་མོ་ལ་བཀའ་སྩལ་པ། །རིགས་ཀྱི་ལྷ་མོ་ཁྱོད་ཀྱིས་ངའི་ཡང་དག་པའི་མི་བརྫུན་པའི་ཆོས་ཀྱི་སྐུ་རྣམ་པར་དག་པའི་བསྔགས་པ་བརྗོད་ནས་བདག་དང་གཞན་ལ་ཕན་གདག་པའི་ཕྱིར་མཚན་མཆོག་གྱ་ནོམ་པ་ཡང་དག་པར་བསྒྲགས་པ་ལེགས་སོ་ལེགས་སོ། །བསོད་ནམས་འདིས་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་སེམས་ཅན་ཐམས་ཅད་མཚུངས་པར་རྣལ་འབྱོར་བསྒོམ་པར་འགྱུར་ལ། གང་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བདུད་རྩིའི་ཆོས་ཀྱི་སྒོར་འཇུག་པར་འགྱུར་རོ། །