།།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཐུབ་པ་བསོད་ནམས་བརྒྱ་ཡི་མཚན་རྫོགས་ཤིང་། །ཡོན་ཏན་ཚད་མ་མཆིས་པས་སྐུ་རབ་བརྒྱན། །རྣམ་དག་རྒྱ་ཆེན་སེམས་ཅན་ལྟ་མོས་པས། །ཉི་མ་སྟོང་བཞིན་འོད་ཀྱིས་སྣང་བར་མཛད། །ཁ་དོག་མཐའ་ཡས་འོད་ནི་རབ་ཏུ་རྒྱས། །རིན་ཆེན་པདྨའི་ཕུང་བཞིན་མཚན་རྣམས་མཛེས། །དཔེར་ན་གདུགས་ཤར་ནམ་མཁའ་སྣང་བགྱིད་བཞིན། །ཁ་དོག་དཀར་གསལ་གསེར་གྱི་མདོག་ཀྱང་གནོན། །གསེར་གྱི་རི་བཞིན་འོད་ཀྱིས་གསལ་མཛད་པས། །ཞིང་ནི་བརྒྱ་སྟོང་མང་པོ་ཀུན་དུ་ཁྱབ། །སེམས་ཅན་སྡུག་བསྔལ་ཚད་མེད་ཞི་མཛད་ནས། །བདེ་བ་དམ་པ་མཐའ་ཡས་སྩལ་བར་མཛད། །མཚན་རྣམས་ཕུན་ཚོགས་རྣམ་དག་རབ་མཛེས་པས། །སེམས་ཅན་ལྟ་མོས་སྐྱོ་བ་ཡོང་མ་མཆིས། །དབུ་སྐྲ་རབ་མཉེན་ཁ་དོག་མཐོན་མཐིང་གནས། །བུང་བ་ནག་པོ་མེ་ཏོག་བསྡུས་པ་འདྲ། །དགྱེས་དང་བཏང་སྙོམས་ཆེན་པོ་དག་པས་བརྒྱན། །བྱམས་དང་ཐུགས་རྗེ་ཆེན་པོ་ཕུན་སུམ་ཚོགས། །མཚན་དང་དཔེ་བྱད་དམ་པ་རབ་མཛེས་པ། །བྱང་ཆུབ་ཡན་ལག་ཆོས་ལས་གྲུབ་པ་ལགས། །བཅོམ་ལྡན་བསོད་ནམས་ཕན་པ་མང་བཏང་བས། །དེ་དག་རྟག་ཏུ་བདེ་བ་ཆེན་པོ་འཐོབ། །ཡོན་ཏན་རྣམ་པ་སྣ་ཚོགས་རབ་བརྒྱན་པས། །འོད་ཀྱི་ཞིང་ནི་བརྒྱ་སྟོང་སྣང་བར་མཛད། །བཅོམ་ལྡན་འོད་ཟེར་ཤིན་ཏུ་རྫོགས་པས་ན། །དཔེར་ན་གདུགས་ཀྱིས་ནམ་མཁའ་ཀུན་ཁྱབ་འདྲ། །བཅོམ་ལྡན་རི་རབ་བཞིན་དུ་ཡོན་ཏན་ལྡན། །ཕྱོགས་བཅུ་ཀུན་དུ་ཁྱབ་པར་སྟོན་པ་མཛད། །བཅོམ་ལྡན་གསེར་ཞལ་དམ་པ་རབ་ཏུ་མཛེས། །ཚེམས་དཀར་གཏམས་པ་དུང་གི་ཁ་དོག་འདྲ། །བཅོམ་ལྡན་ཞལ་མཛེས་དཔེ་ཟླ་ཡོང་མ་མཆིས། །སྨིན་མཚམས་བ་སྤུ་རྟག་པར་གཡས་སུ་འཁྱིལ། །འོད་མཉེན་དཀར་གསལ་ཆུ་ཤེལ་དག་དང་མཚུངས། །