།བཙུན་མོས་དེ་སྐད་སྨྲས་ནས་ནི། །ལུས་བཏེག་ས་ལ་རབ་ཏུ་བརྡབས། །རབ་བརྩེ་ན་བས་སེམས་བརྒྱལ་མྱོས། །རབ་རྨོངས་ཤེས་པ་ཅི་ཡང་མེད། །ནང་འཁོར་བུད་མེད་བཙུན་མོ་དེ། །བརྒྱལ་ཏེ་ས་ལ་འགྱེལ་མཐོང་སྟེ། །སྐད་ཆེན་ཕྱུང་སྟེ་རབ་ཏུ་ངུས། །མྱ་ངན་དངངས་སྐྲག་གནས་ཀྱང་སྟོར། །རྒྱལ་པོས་ཚིག་དེ་ཐོས་པས་ན། །མྱ་ངན་རང་ཉིད་གཟུང་མ་ནུས། །བློན་པོ་ཐམས་ཅད་བཀུག་ནས་ནི། །བུ་སྡུག་ཚོལ་བ་ཡོངས་སུ་བཀྱེ། །ཐམས་ཅད་གྲོང་ཁྱེར་ཕྱིར་བྱུང་སྟེ། །དེ་དང་དེ་དག་ཀུན་དུ་བཙལ། །ངུས་ནས་མི་ནི་མང་པོ་ལ། །རྒྱལ་བུ་གང་ན་ཡོད་ཅེས་སྨྲས། །ད་ལྟར་གསོན་ནམ་འོན་ཏེ་ཤི། །གང་དུ་སོང་བ་སུ་ཡིས་ཤེས། །ཇི་ལྟར་བྱས་ན་མཐོང་གྱུར་ནས། །བདག་ཅག་མྱ་ངན་བསལ་བར་འགྱུར། །སྐྱེ་བོ་མང་པོ་ཐམས་ཅད་ཀུན། །རྒྱལ་བུ་དེ་ནི་ཤི་ཟེར་བས། །ཐོས་པ་ཐམས་ཅད་རབ་ཏུ་གདུང་། །སྨྲེ་སྔགས་སྡུག་བསྔལ་བརྗོད་པར་དཀའ། །དེ་ཚེ་རྒྱལ་པོ་ཤིང་རྟ་ཆེ། །ཆོ་ངེས་སྨྲས་ནས་སྟན་ལས་ལངས། །བཙུན་མོའི་དྲུང་དུ་ཉེར་སོང་སྟེ། །དེ་ཡི་ལུས་ལ་ཆུས་ཀྱང་གཏོར། །བཙུན་མོ་ཆུས་ནི་གཏོར་བས་ན། །རིང་ཞིག་ལོན་ནས་དྲན་པ་ཐོབ། །རབ་སྨྲེས་རྒྱལ་པོ་ལ་ཞུས་པ། །བདག་བུ་ད་ལྟ་གང་ན་མཆིས། །རྒྱལ་པོས་བཙུན་མོ་ལ་བསྒོ་བ། །ངས་ནི་ཕོ་ཉ་མང་བཀྱེ་སྟེ། །ཕྱོགས་བཞིར་རྒྱལ་བུ་ཚོལ་བཅུག་ན། །ད་དུང་གཏམ་སྐྱེས་ཡོང་མ་འོངས། །རྒྱལ་པོས་བཙུན་མོ་ཡང་བསྒོ་བ། །ཁྱོད་ནི་མྱ་ངན་མ་བྱེད་པར། །རེ་ཞིག་རང་ཉིད་བདེ་བར་བྱོས། །ལྷན་ཅིག་ཕྱིར་བྱུང་བཙལ་བར་བྱ། །དེ་ནས་རྒྱལ་པོ་བཙུན་མོར་བཅས། །བཞོན་པ་ཞོན་ནས་མདུན་དུ་ཆས། །སྨྲེ་བའི་སྐད་ཀྱིས་ཆོ་ངེས་བཏབ། །གདུང་སེམས་མེ་ནི་འབར་བ་འདྲ། །ཡ་རབས་མ་རབས་བརྒྱ་སྟོང་རྣམས། །རྒྱལ་པོའི་རྗེས་སུ་གྲོང་ཁྱེར་བྱུང་། །བརྩེ་བའི་ངུ་སྒྲ་མི་འཆད་པར། །སོ་སོར་རྒྱལ་བུ་ཡོངས་སུ་བཙལ། །རྒྱལ་པོས་བུ་སྡུག་བཙལ་བའི་ཕྱིར། །མིག་གིས་ཕྱོགས་བཞིར་བལྟས་པ་ལས། །སྐྲ་བཤིག་ཁྲག་གིས་ལུས་བསྐུས་ཏེ། །ལུས་ཀུན་རྡུལ་གྱིས་གོས་པ་དང་། །ངུས་ནས་མདུན་བཅད་འོང་བ་ཡི། །མི་ཞིག་ཀྱང་ནི་མཐོང་བར་གྱུར། །རྒྱལ་པོས་ལྟས་ངན་དེ་མཐོང་ནས། །ལྷག་པར་མྱ་ངན་སྐྱེས་པར་འགྱུར།