།ཁྱོད་མ་འོངས་པའི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་སྙེད་འདས་པ་ན་གསེར་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་རི་བོའི་རྒྱལ་པོ་ཞེས་བྱ་བར་གྱུར་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་ཆོས་རྣམས་ནུབ་པར་གྱུར་པ་དང་། དེའི་ཚེ་འདིའི་བུ་ཆེན་པོ་དངུལ་གྱི་ཏོག་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པའི་རྒྱལ་ཚབ་ཏུ་གྱུར་ཏེ། །དེའི་ཚེ་དེའི་མིང་བསྒྱུར་ནས་རྣམ་དག་ཏོག་ཅེས་བྱ་བར་འགྱུར་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་ཏོག་འོད་ཅེས་བྱ་བར་འགྱུར་རོ། །དེའི་ཚེ་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་ཆོས་རྣམས་ནུབ་པར་གྱུར་པ་དང་། འདིའི་བུ་ཆུང་ངུ་དངུལ་གྱི་འོད་དེ་བཞིན་གཤེགས་པ་དེའི་རྒྱལ་ཚབ་ཏུ་འགྱུར་བས་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་འོད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་དེའི་ཚེ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས་སྐྱེས་བུ་ཆེན་པོ་གསུམ་པོ་དེ་དག་གིས་ལུང་བསྟན་པ་ཡང་ཐོས། འདི་ལྟར་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་ཡང་ཐོས་པས་སེམས་རབ་ཏུ་དགའ་བ་སྐྱེས་ནས་རྣམ་པར་དག་ཅིང་དྲི་མ་མེད་པར་གྱུར་པས་དཔེར་ན་ནམ་མཁའ་ལྟ་བུར་གྱུར་ཏོ།